ཐའེ་ཝན་གྱི་མཚོ་འགག་ཏུ་རྒྱ་ནག་གི་དམག་སྦྱོང་དང་ཉེན་བརྡ།

བྷིལ་ཁི་ལིན་ཊོན་ཨ་རིའི་སྲིད་འཛིན་ཡིན་སྐབས་སུ། ཐའེ་ཝན་གྱི་མཚོ་འགག་ཏུ་ཨ་རིས་དམག་སྦྱོང་བྱས་ནས་ཁོ་རང་ཚོའི་སྟོབས་ཤུགས་ངོམ་ཡོད་པ་བཞིན། དེ་རིང་རྒྱ་ནག་གིས་ཐའེ་ཝན་གྱི་མཚོ་འགག་ཏུ་དམག་སྦྱོང་གི་ལམ་ནས་ཁོ་རང་ཚོའི་དམག་ཤུགས་ངོམ་བཞིན་ཡོད་འདུག

རྒྱལ་སྤྱིའི་གསར་ལམ་ཁག་ཏུ་གནས་ཚུལ་སྤེལ་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་༡༨ ཉིན་གྱི་སྔ་དྲོའི་ཆུ་ཚོད་༨ ནས་མཚན་དཀྱིལ་བར་རྒྱ་ནག་གིས་ཐའེ་ཝན་གྱི་མཚོ་འགག་ཏུ་དངོས་སུ་མཚོ་དམག་སྦྱོང་བརྡར་བྱེད་ཀྱི་ཡོད་འདུག་ཅིང་། དེ་ནི་ཐའེ་ཝན་གྱི་རང་བཙན་རྩོད་ལེན་དང་། ཨ་རི་དང་ཐའེ་ཝན་གཉིས་ཀྱི་འབྲེལ་ལམ་ཇེ་ཟབ་ཏུ་གྱུར་བཞིན་པ་བཅས་ལ་ཉེན་བརྡ་བཏང་བ་ཞིག་ཡིན་སྐོར་འདུག

གནད་དོན་འདིའི་ཐོག་ཐའེ་ཝན་གྱི་གནད་དོན་དང་འབྲེལ་བའི་རྒྱ་ནག་གི་ལས་ཁུངས་ཀྱི་འགན་འཛིན་ལིའུ་ཇེ་ཡཱི་ཞེས་པས་རྒྱ་ནག་གཞུང་འབྲེལ་གྱི་བརྒྱུད་ལམ་ཐོག དམག་སྦྱོང་དེ་ནི་“རྒྱལ་ཁབ་ཀྱི་བདག་དབང་དང་། མེས་རྒྱལ་གྱི་ས་ཁོངས་སྲུང་སྐྱོབ་ཀྱི་ཆེད་དུ་སྤེལ་བའི་བྱ་འགུལ་ཞིག་རེད།”ཅེས་བརྗོད་ཡོད་འདུག་ཀྱང་། ཐའེ་ཝན་གྱི་ལས་བྱེད་རྒན་རབས་ཤིག་གིས། “རྒྱ་ནག་གིས་མང་གཙོའི་ལམ་ལུགས་ལྡན་པའི་ཐའེ་ཝན་དེ་ཁོ་རང་ཚོའི་ཡིན་པར་རློམ་མིན་ལ་མ་ལྟོས་པར། དོན་དངོས་ཀྱི་ཐའེ་ཝན་རང་བཙན་ལ་ལོངས་སུ་སྤྱོད་བཞིན་པའི་ཐའེ་ཝན་མི་མང་ས་ཡ་༢༣ ལ་པེ་ཅིང་གིས་དམག་འཁྲུག་དྲིལ་བསྒྲགས་གྱི་ཐོག་ནས་སྡིགས་སྐུལ་བྱས་པ་ཞིག་རེད་”ཅེས་བརྗོད་ཡོད་འདུག དེ་བཞིན་ཐའེ་ཝན་གྱི་བདེ་སྲུང་བློན་ཆེན་ཟུར་པ་ཨེན་ཌི་རུ་ཡཱང་ཞེས་པས་གནད་དོན་འདིའི་ཐོག་“རྒྱ་ནག་གིས་རྒྱལ་སྤྱིའི་ཐོག་ཏུ་ཁོ་རང་ཚོའི་ཁེ་ཕན་སྲུང་སྐྱོབ་བྱེད་ཐུབ་ཀྱི་ཡོད་པའི་བརྡ་གཏོང་གི་ཡོད་རེད་ལ། དེ་བཞིན་ཐའེ་ཝན་ལ་རྒྱ་ནག་ཁོ་རང་ཚོའི་དྲག་ཤུགས་ཆེ་རུ་བཏང་ཡོད་པའི་བརྡ་གཏོང་གི་ཡོད་རེད་”ཅེས་བརྗོད་ཡོད་འདུག

དེ་བཞིན་གནད་དོན་འདིའི་ཐོག་ཧོང་ཀོང་ལཱིང་ནེན་གཙུག་ལག་སློབ་གཉེར་ཁང་གི་ཆབ་སྲིད་རིག་པའི་སློབ་དཔོན་ཆེན་མོ་ཀྲང་བྷོ་ཧིའུ་(Zhang Baohui) ཞེས་པས། པེ་ཅིང་གིས་ལྕམ་ཚའེ་ཡེ་ཝེན་སེམས་མ་སྐྱིད་པ་བཟོས་པ་ཙམ་མ་ཡིན་པར། ཌོ་ནལ་ཊོམ་སྲིད་གཞུང་ལ་ཡང་ཉེན་བརྡ་བཏང་བ་ཞིག་ཡིན་སྐོར་ཐོག་བརྗོད་དོན་དུ། “འདི་འཆར་ཅན་གྱི་དམག་སྦྱོང་ཞིག་མ་རེད་”ཅེས་དང་། “འདི་ཕྱེད་ཐའེ་ཝན་ལ་འཇིགས་སྣང་སྐུལ་བ་དང་། ཕྱེད་ཌོ་ནལ་ཊོམ་སྲིད་གཞུང་གིས་ཐའེ་ཝན་གྱི་འབྲེལ་ལམ་ཐོག་འཛིན་སྐྱོང་འཐུས་ཤོར་བཏང་ཚེ་གནད་དོན་ངན་པ་འབྱུང་རྒྱུའི་བརྡ་ལན་བཏང་བ་ཞིག་རེད་”ཅེས་བརྗོད་ཡོད་འདུག སློབ་དཔོན་ཆེན་པོ་རྗོན་བྷི་ལེཀ་སི་ལེན་ཌི་ཞེས་པས་ཀྱང་“ཐའེ་ཝན་རང་བཙན་ལ་རྒྱབ་སྐྱོར་དུ་གྱུར་པའི་འགུལ་སྤྱོད་ག་འདྲ་ཞིག་ཡིན་ན་ཡང་དེར་རྒྱ་ནག་གཞུང་གིས་སེམས་ནད་བྱེད་ཀྱི་ཡོད་རེད། དམག་སྦྱོང་དེ་ནི་རྒྱ་ནག་གི་ཨེ་ཤི་ཡའི་ནང་གི་འཆར་གཞི་ལ་ཨ་རིས་ཐེ་ཇུས་མི་བྱེད་རྒྱུའི་ཉེན་བརྡ་བཏང་བ་ཞིག་ཡིན་པ་ལྟ་བུ་འདུག་”ཅེས་བརྗོད་ཡོད་འདུག

གཞན་ཡང་དཔྱད་བརྗོད་པ་རྣམས་ཀྱིས། ཕྱི་ལོ་༢༠༡༥ ནས་བཟུང་ཚོར་བ་སྐྱེན་པའི་མཚོ་འགག་དེར་འདི་འདྲའི་དམག་འཐབ་སྦྱོང་བརྡར་བྱ་རྒྱུ་དེ་ཐེངས་དང་པོ་ཡིན་པ་དང་། དེ་ནི་ཞི་བདེ་རྒྱ་མཚོའི་ནུབ་ཕྱོགས་ཀྱི་མཚོ་འགག་གི་དཀའ་རྙོག་ནང་ཨ་རིས་ཐེ་ཇུས་བྱེད་མི་རུང་བ་བསྟན་ཕྱིར་ཡིན་སྐོར་གླེང་བཞིན་ཡོད་འདུག

ཟླ་འདིའི་འགོ་སྟོད་དུ་ཐའེ་ཝན་གྱིས་ཨ་རིའི་ཕྱི་སྲིད་ལས་ཁུངས་ནས་ཐའེ་ཝན་སྲིད་གཞུང་ལ་རྒྱ་ནག་ལ་སེམས་འཚབ་སློང་བའི་མཚོ་འོག་གྲུ་གཟིངས་བཟོ་བྱེད་ཀྱི་འཕྲུལ་ཆས་ཉོ་ཆོག་པའི་ཆོག་མཆན་ལག་འཁྱེར་སྤྲད་ཡོད་སྐོར་བརྗོད་ཡོད་པ་དང་། དེ་བཞིན་ཕྱི་ལོ་༡༩༧༠ ནང་ནས་བཟུང་ཨ་རིས་གཞུང་འབྲེལ་ཐོག་ནས་ཐའེ་ཝན་དང་འབྲེལ་ལམ་འཛིན་རྒྱུར་དམ་དྲག་བྱས་ཡོད་ཀྱང་། ཟླ་སྔོན་མའི་ནང་ཐའེ་ཝན་དང་ཨ་རིའི་བར་ན་ཕྱོགས་གཉིས་ཀྱི་མཐོ་རིམ་དཔོན་རིགས་རྣམས་ཐུག་འཕྲད་བྱེད་དུ་འགྲོ་རྒྱུའི་ཁྲིམས་གསར་པ་ཞིག་ཨ་རིས་ལག་བསྟར་བྱས་ཡོད་པ་མ་ཟད། ལོ་སྔོན་མའི་ནང་ཨ་སྒོར་ཐེར་འབུམ་༡.༤ ཡི་རིན་གོང་ཅན་གྱི་གོ་མཚོན་ཨ་རིས་ཐའེ་ཝན་ལ་ཚོང་རྒྱུར་ཁས་ལེན་བྱས་ནས། ཨ་རི་དང་ཐའེ་ཝན་གྱི་འབྲེལ་ལམ་བཟང་དུ་འགྲོ་མུས་ཡིན་འདུག །

གསར་འགོད་པ་བཀྲ་ཤིས་དོན་གྲུབ།

Share this:
༦༣༩ ཀློག་གྲངས།