ཨ་མ་མ། སློབ་མ་ཚོས་རྒྱ་གར་གྱི་གཞས་ཡོངས་རྫོགས་བློ་ལ་བཟུར་ཚར་འདུག

 

དེ་རིང་ཞོགས་པ་སྔ་མོ་ནས་དག་པོ་བཤད་སྒྲུབ་གླིང་༼ཡོངས་གྲགས་ལ་ཀ་ཡེ་ས༽དུ་སྐུ་མདུན་མཆོག་གིས་བཀའ་ཆོས་བསྩལ་སར་ང་ཚོའི་སློབ་གྲའི་དགེ་ལས་སློམ་མ་ཡོངས་རྫོགས་འགྲུལ་འཁོར་གཉིས་ཀྱི་ནང་ཡོང་། ང་འགྲུལ་འཁོར་ནང་དུ་འཛུལ་དུས་དགེ་སློབ་ཕལ་མོ་ཆེ་སོ་སོའི་འདུག་སྟེགས་རེའི་གང་ལ་འཁོད་ཟིན་ཏེ་འདུག་སྟེགས་ལྷག་མ་མི་འདུག་ཀྱང་རྒན་ལགས་ཁག་ཅིག་གིས་རོགས་བགྱིས་ཏེ་ང་ལ་སྡོད་ས་ཞིག་སྟེར་སོང་། ང་དེར་བསྡད་ཀྱང་ད་ལྟ་ཡར་བསླངས་མ་ཐག་པའི་ཕྲུ་གུ་དེས་ཀ་བ་ལ་འཐམས་ནས་འགྲེང་བཞིན་པའི་སྣང་བརྙན་དེ་མིག་ལམ་དུ་མངོན་ཡོང་དུས། ང་ངོ་ཚ་བ་འམ་ཡིད་བློང་བ་གང་ཡིན་མི་ཤེས་པའི་ཚོར་བ་སྐྱུར་མོ་ཞིག་སྨུག་སྤྲིན་བཞིན་དུ་དཀྲིགས་སོང་།

ཀྱེ་མ་ཐོབ་དབང་། ཁྱོད་ནི་འཇིག་རྟེན་འདིའི་སྒང་གི་རྒྱུ་འབྲས་དང་དྲང་གཞག་ལས་བརྒལ་ནས་འགྲོ་སའི་ལམ་ཁ་གཅིག་པུ་དེ་ཡིན་ཁོ་ཐག་རེད།   ངས་དེ་རིང་དགེ་རྒན་གྱི་མིང་དབང་ཕྲ་མོ་དེ་བེད་སྤྱད་དེ་ཁྲས་བྱིས་ཐུབ་དང་བྱིས་འབུ་ཐུབ་ཞེས་པའི་དཔེ་ལྟར་བུ་ཕྲུག་དེའི་ལག་ནས་འདུག་སྟེགས་ཕྲོགས་སོང་བ་མ་ཡིན་ནམ།

མཚམས་དེར་རྒྱ་གར་གྱི་སྤོས་དུད་ངད་རྣོ་བ་ཞིག་སྣ་ཁུང་དུ་འཛུལ་ཡོང་བ་དང་མདུན་དེར་ལྟ་ཙམ་ཤོར། མདུན་གྱི་ཤེལ་ངོས་དེར་ཁ་ལོ་བ་དེས་རྒྱ་གར་གྱི་མཆོད་ཁང་ཆུང་ངུ་ཞིག་གི་མ་ལག་ཡོངས་སུ་རྫོགས་པ་ཞིག་བསྐྲུན་ཡོད་པ་སྟེ་ཐོག་ཏུ་ལྷ་ཆེན་དབང་ཕྲུག་དང་ལྷ་མོ་དབྱངས་ཅན་མའི་བྲིས་སྐུ་དང་འོག་ཏུ་ཚོགས་བདག་གླང་སྣ་དང་སྤྲེལ་གདོང་གཉིས་ཀྱི་འབུར་སྐུ་སོགས་བཤམས་ཏེ་དད་གུས་དང་སྤོབས་པའི་ཁེངས་ཏེ་བདུག་སྤོས་ཀྱི་མཆོད་འབུལ་ཞུ་བཞིན་འདུག

ཁོ་ལ་འདི་ལྟ་བུའི་རང་གི་རིག་གཞུང་དང་ཆོས་ལུགས་ལ་དགའ་ཞེན་དང་སྤོབས་བ་འདི་གང་ལས་ཐོབ་བམ། དབང་ཕྱུག་གིས་ཁོང་ལ་དངོས་གྲུབ་བསྩལ་བ་ཡིན་ནམ་ཞེས་ངས་ང་རང་ལ་ཆིག་ལབ་ཀྱིས་དྲིས།  གལ་སྲིད་ཁོ་བོད་པ་ཞིག་ཡིན་ན་གཞན་ལ་ངོ་ཚ་སྟེ་དེརིང་ཉིན་མོར་མཆོད་འབུལ་མི་བྱེད་ཐུབ།  གལ་སྲིད་ཁོ་བོད་པ་ཞིག་ཡིན་ན་འགྲུལ་འཁོར་ནང་དུ་མཆོད་ཤོམ་གྱི་ཚབ་ཏུ་ཤའཧི་ཀ་པུར་དང་ཀ་རི་ན་ལྟ་བུའི་འདྲ་པར་སྦྱར་ཡོད་འགྲོ། དེ་སྔོན་སློམ་མ་བྱབ་ཆུང་འགས་རེས་ཡེ་ཤུའི་རོ་ཁྲམ་ཡང་སྐེ་ལ་བཏགས་འདུག་ལ་རྒྱ་འཁྱམ་པ་ཁག་ཅིག་ནང་པ་ཡིན་ཡང་རྒྱ་བ་ཚོའི་སྔོན་དུ་དབང་ཕྱུག་གི་པར་ལ་མཆོད་ཁུལ་བྱེད་ཀྱིན་པ་དུ་མ་མཐོངས་སོང་།

གང་ལྟར་རྒྱ་གར་གྱི་མི་རིགས་སྤྱི་ཡོངས་ནས་བཤད་ན་རང་གི་རིགས་གཞུང་ལ་དགའ་ཞེན་ཙམ་མིན་པར་གདིང་སྤོབས་ལྡན་པའི་མི་རིགས་ཤིག་རེད་འདུག་ལ་གལ་སྲིད་ང་ཚོ་བོད་པར་ཁོང་ཚོའི་གདིང་སྤོབས་དེའི་ཟུར་ཆ་ཙམ་ཡོད་ཀྱང་དུས་རབས་ཁ་ཤས་ལ་གསོན་ཐུབ་པ་ཁོ་ཐག་རེད།

ཅང་མ་འགོར་བར་འགྲུལ་འཁོར་འགྲོ་འགོ་ཚུགས་པ་དང་ཚང་མས་གྷ་ན་གྷ་ན་ཞེས་སུམ་ཅུའི་དུས་དྲན་སྐབས་ཀྱི་འབོད་སྐད་ལྟ་བུ་ཞིག་བརྒྱབ་སོང་བ་དང་ཆབས་ཅིག་རྒྱ་གར་དེས་ཟེར་སྡེར་འཁོར་ལོ་ནས་རྒྱ་གར་གྱི་གཞས་བཏང་སོང་།  སློབ་མ་ཚོས་དགའ་སྤྲོའི་ཚོར་ཤུགས་སྐད་ངག་ལ་བསྟིམས་ཏེ་གཞས་ཤིག་བཏང་ཡོང་དུས་སྒྲ་གདངས་ཀྱིས་རྒྱང་གྲགས་ཟིལ་གྱིས་མནན་སོང་ལ་སྙན་འགྱུར་གྱིས་གླུ་གཞས་མོག་པོར་བྱས། ཁ་ལོ་བ་དེ་ཡིད་ཆེས་ཀྱི་མེད་འདྲ། ཟེར་སྡེར་ཁ་ཤས་ཤིག་བརྗེས་སོང་ཀྱང་།

ཨ་མ་མ།   སློབ་མ་ཚོས་རྒྱ་གར་གྱི་གཞས་ཡོངས་རྫོགས་བློ་ལ་བཟུར་ཚར་འདུག་པས་རྒྱུག་བརྒྱ་ཆ་བརྒྱ་འཕྲོད་སོང་བ་འདྲ། ཁ་ལོ་བ་དེ་ཁ་སྐྱེངས་བ་འམ་གང་ལྟར་ཐ་མ་དེར་དབྱིན་ཇིའི་གཞས་ཤིག་བཏང་ནས་བཞག་སོང་།  དེ་སྔོན་འཛིན་གྲྭའི་ནང་དུ་སངས་རྒྱས་ལྟ་བུའི་ཚིག་འགྲེལ་ཙམ་ཡང་ཤེས་ཁག་པའི་རྒྱུ་རྐྱེནདེ་ང་ལ་ར་འཕྲོད་སོང་།   ཁོང་ཚོར་ཁག་མི་འདུག་སེམས་བྱུང་ཡིད་བྱེད་དང་འདུན་པ་མཐའ་དག་རྒྱ་གར་གཞས་ཀྱིས་ཕྲོགས་ཚར་འདུག།

གང་ལྟར་རིག་གཞུང་གི་མགོ་ན་བའི་སློབ་མ་ཚོར་རྒྱ་གར་གྱི་གཞས་ནི་བཟང་དྲུག་གི་སྨན་ཞིག་ཏུ་གྱུར་འདུག་ལ་འགྲུལ་འཁོར་གྱི་མགོ་ན་བའི་ཁོ་བོ་ལ་ནི་རྒྱ་གར་གྱི་གཞས་དེ་བཙན་དུག་ཅིག་ཏུ་རྒྱུར་སོང་།།

 

 

 

 

Share this:
༧༩ ཀློག་གྲངས།