འོས་གཞིར་ལངས་རྒྱུར་ལས་འཆར་དགོས།

འདི་ནི་ཕྱོགས་གཅིག་ནས་མང་གཙོ་ཡར་རྒྱས་ཀྱི་རྣམ་པ་ཞིག་ཡིན་མོད། ཆོལ་ཁའི་སྒྲིག་འཛུགས་དང་སྐྱིད་སྡུག་ཁག་ཆབ་སྲིད་ཚོགས་པ་ལྟ་བུ་ཆགས་ནས་འོས་གཞི་འདོན་པ་དེ་ཚད་ལྡན་ཞིག་མ་རེད།

བཙན་བྱོལ་སྤྱི་ཚོགས་ནང་ཆབ་སྲིད་ཚོགས་པ་མེད་པའི་རྐྱེན་གྱིས། སྐྱིད་སྡུག་ཚོགས་པ་ཁག་འོས་ཤོག་བླུག་སྐབས་ཆབ་སྲིད་ཚོགས་པ་ལྟ་བུ་ཆགས་བཞིན་ཡོད་ལ། སྤྱིར་བཏང་ཆབ་སྲིད་ཚོགས་པ་ཡིན་ན། སྤྱི་ཚོགས་ཡར་རྒྱས་གཏོང་ཕྱོགས་དང། ཆབ་སྲིད་ཀྱི་ལྟ་གྲུབ་ལངས་ཕྱོགས་སོགས་ངེས་ཅན་ཞིག་ཡོད་པས། མང་གཙོའི་སྤྱི་ཚོགས་ནང་མེད་དུ་མི་རུང་བ་ཞིག་རེད། ཡིན་ནའང་སྐྱིད་སྡུག་ཚོགས་པ་ཁག་ནི་གཙོ་བོ་མི་མང་གི་བདེ་སྡུག་ལ་ལྟ་མཁན་ཡིན་པས། ཆབ་སྲིད་ཀྱི་ལངས་ཕྱོགས་ལྟ་གྲུབ་ཅིག་མེད་པས། མཚམས་རེར་སྐྱིད་སྡུག་ཚོགས་པའི་ངོ་བོར་མ་བསྡད་པར། ཆབ་སྲིད་ཀྱི་ལྟ་གྲུབ་ཡོད་མདོག་གིས་སྐབས་འཚོལ་རིང་ལུགས་ཀྱིས་འོས་གཞི་བཀྲམ་པ་འདིས་མི་མང་མགོ་རྨོངས་སུ་འཇུག་སྲིད། དཀའ་ངལ་ཡང་ཡོད་ངེས། སྐྱིད་སྡུག་ཚོགས་པ་དང། སྒོས་སུ་ཆོལ་ཁོངས་ཀྱི་ཚོགས་པ་ནི་ཆོལ་ཁོངས་དེའི་མི་མང་ཡོངས་རྫོགས་སྒྲིག་འཛུགས་དེའི་འོག་སྡོད་དགོས་པས། ཆབ་སྲིད་ཀྱི་ལངས་ཕྱོགས་ཡིན་མདོག་གིས་སྒྲིག་འཛུགས་གཏན་འབེབས་ཀྱིས་མི་མང་ཚང་མ་ཆོལ་ཁོངས་དེའི་སྒྲིག་འཛུགས་འོག་སྡོད་ཐབས་མེད་པ་བྱེད་ཀྱི་ཡོད།
སྐྱིད་སྡུག་ཚོགས་པ་དེའི་ཆབ་སྲིད་ཀྱི་ལངས་ཕྱོགས་མང་མོས་ཐག་གཅོད་ཡིན་ཞེས་བཤད་མདོག་རེད་ལ། ཚོགས་ཆེན་ཞིག་གི་ཐོག་མང་མོས་ཀྱིས་གཏན་འབེབས་བྱས་པ་ཡང་དངོས་ཡོད་རེད་མོད། ཚོགས་ཆེན་དེའི་ཐོག་ཆོལ་ཁོངས་ཀྱི་མིའི་བརྒྱ་ཆ་ག་ཚོད་ཟིན་གྱི་ཡོད། མཐོང་ཚད་ལྟར་ན། བརྒྱ་ཆ་ཉི་ཤུ་ཡང་ཟིན་གྱི་མི་འདུག ཆབ་སྲིད་ཀྱི་ལྟ་གྲུབ་དེར་འདོད་པ་མེད་མཁན་ཞིག་ཡིན་ན། ཆོལ་ཁོངས་དེའི་སྒྲིག་འཛུགས་འོག་ཏུ་སྡོད་རྒྱུར་དཀའ་ངལ་ཡོད་ལ། མ་བསྡད་ན་བཙན་བྱོལ་སྤྱི་ཚོགས་ནང་ཆོལ་ཁ་གསུམ་གྱི་ཁོངས་གཏོགས་མ་ཡིན་པའི་བོད་པ་ཞིག་མེད་ཅེས་བཤད་ནའང་འགྲིག་པ་ཞིག་རེད།

གཉིས་པ་འོས་མིར་ལངས་སྟངས། བཀའ་སྤྱི་གཉིས་ཀྱི་འོས་གཞིའི་ནང་ལངས་མཁན་ཚོས་འཆར་ཅན་དུ་བོད་མི་མང་ལ་ཞབས་ཕྱི་ཞུ་རྒྱུའི་སེམས་ཤུགས་ཡོད་ལ། གོ་སྐབས་དེ་ནི་བསོད་ནམས་རེད་ཅེས་བཤད་བཞིན་པ་ལས། ལས་འཆར་གང་ཡང་སྟོན་རྒྱུ་མེད། བཙན་བྱོལ་གཞུང་ལ་ལས་འཆར་འདོན་རྒྱུ་རང་བཙན་ཡོད་པའི་རྒྱལ་ཁབ་ལྟར་ལས་སླ་པོ་ཡང་མ་རེད། ཡིན་ནའང། བོད་རང་བཙན་སླར་གསོའམ། ཡང་ན་རང་སྲིད་རང་སྐྱོང་ཐོབ་ཐབས་སུ་འབད་བརྩོན་ཇི་ལྟར་བྱེད་རྒྱུ་ཡིན། བོད་མི་ཚོ་ཕྱིར་བོད་དུ་ལོག་མ་ཐུབ་པར་བཙན་བྱོལ་སྤྱི་ཚོགས་སྲ་བརྟན་གནས་ཐབས་སུ་ལས་འཆར་གང་ཡོད། གཞོན་སྐྱེས་ཚོར་ཤེས་ཡོན་སྤྲོད་ཐབས་དང། མི་མང་སྐྱོ་བོ་ལ་གཟིགས་རྟོགས་གནང་རྒྱུ་སོགས་གལ་གནད་ཆེ་བའི་ལས་འཆར་གང་དག་ཡོད། ལས་འཆར་ཆེན་པོ་ཞིག་སྒྲིག་མ་ཐུབ་ཀྱང། ལས་འཆར་ཆུང་ཚག་རིགས་འདོན་ཐུབ་མཁན་ཡོད་ན། དེ་ལ་ཡང་འོས་ཤོག་བླུགས་ན་མ་འགྲིག་པ་མེད། ལས་འཆར་གང་ཡང་མེད་མཁན་ལས་ཡག་གི་རེད། དེ་མིན་སེམས་ཤུགས་དང་ལྷག་བསམ་གཅིག་པུས་ལས་ཀ་གང་ཡང་བྱེད་མི་ཐུབ། གཙོ་བོ་ལས་ཀ་ཚད་ལྡན་བྱེད་མ་ཐུབ་ཀྱང། ཡར་རྒྱས་ཤུགས་ཆེན་པོ་གཏོང་རྒྱུའི་གདེང་ཚོད་དང། སྙིང་སྟོབས་ངེས་པར་དུ་དགོས་པ་རེད།། རྩོམ་ཡིག་འདི་སྤྲང་ཕྲུག་གིས་༢༠༠༧ ལོའི་ཕྱི་ཟླ་༧ ཚེས་༢༣ ཉིན་བང་ཆེན་ཟིན་བྲིས་སུ་སྤེལ་འདུག

Share this:
༢༩ ཀློག་གྲངས།