བསྔོ་སྨོན་འཆོད་འབུལ།

སྨོན་ལམ་གྱི་ཚོགས་མགོན་དུ་དཔལ་རྒྱལ་བ་ཀརྨ་མ་མཆོག་དང་། བོད་གཞུང་བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གི་དབུས་མཛད་གཙོ་རྣམ་པ། སེར་སྐྱ་མི་མང་བཅས་མཉམ་ཞུགས་གནང་ཡོད་པ་རེད། སྨོན་ལམ་དང་མཆོད་འབུལ་འདི་རྒྱ་བལ་ཁུལ་དང་ཕྱི་རྒྱལ་ཡུལ་ཁག་ཏུ་ཡོད་པའི་མདོ་སྨད་ཐེ་བོ་མི་མང་གིས་ཕ་ཡུལ་གཅིག་པའི་འགན་ཁྲི་དང་དུ་བླངས་ཏེ། ཕ་ཡུལ་ཐེ་བོ་སྨད་དུ་རང་བྱུང་འབྱུང་བའི་གནོད་འཚེས་རྐྱེན་འདས་སུ་གྱུར་པ་རྣམས་དང་། ཕ་མ་སྤུན་མཆེད་དང་གློ་བུར་ཁ་བྲལ་སོང་བའི་མྱ་ངན་དང་། འཚོ་གོས་གནས་མལ་བྲལ་བའི་དཀའ་སྡུག་གིས་མནར་བཞིན་པའི་ཤུལ་ལུས་ནང་མི་སྤུན་ཟླ་བཅས་འདས་གསོན་ཡོངས་ཀྱི་ཆེད། བདུན་ཚིགས་གཉིས་པའི་ཉིན་འདིར་མཆོད་འབུལ་དང་། འདུས་ཚོགས་རྣམས་ལ་བསྙེན་བཀུར་གསོལ་ཇ་དང་བཞེས་བག དགེ་བཙུན་སྔགས་གསུམ་ལ་སྐུ་འགྱེད་ཧིན་སྒོར་༥༠་རེ་འབུལ་ལམ་ཞུས་ཡོད་པ་རེད།

སྤྱིར་ཐེ་བོ་སྨད་ཀྱི་འབྲུག་ཆུ་རྫོང་ནི་བོད་ཀྱི་མཐའ་མཚམས་སུ་གནས་པས་བོད་ས་གཞན་དང་འབྲེལ་འདྲིས་ཉུང་ཞིང། སྐད་ཡིག་གོམས་གཤིས་ཕལ་ཆེར་རྒྱ་ལུགས་ཅན་དུ་འགྱུར་ཚབས་ཆེ་བ་དང་། ས་གནས་རང་གི་མི་བཙན་བྱོལ་དུ་འབྱོར་བ་རེ་ཟུང་ཙམ་ལས་མེད་པས་བཙན་བྱོལ་བོད་གཞུང་མང་ཀྱི་གནས་སྟངས་ལ་རྒྱུས་མངའ་དང་འབྲེལ་བ་ཧ་ཅང་ཞན་པ་ནི་བོད་ཀྱི་ཆོས་དང་རིག་གཞུང་སྲུང་སྐྱོབ་དང་། མི་རིགས་ཀྱི་རྩ་དོན་བཅས་ཀྱི་གནད་དོན་ཞིག་ཆགས་ཡོད། ད་རེས་ཆུ་ལོག་གི་གནོད་འཚེ་ལྟ་བུར་མཚོན་ནའང་རྒྱ་གཞུང་གིས་གང་ཁྱབ་བསྒྲགས་ཙམ་ལས་གནས་ཚུལ་ངོ་མ་ཕྱི་ལ་ཐོན་དཀའ་ཞིང་། ས་གནས་གཞན་གྱི་བོད་མི་ཚོས་མི་རྒྱུ་གཉིས་ཀྱི་རོགས་རམ་རྣམས་རྒྱ་གཞུང་གིས་བཀག་པས་བོད་མིའི་སྐྱིད་སྡུག་མཉམ་མྱོང་བྱེད་དཀའ་བའི་གནས་སུ་ཡོད་ནའང་། ང་ཚོ་ཕ་ཡུལ་གཅིག་པ་ཚོས་ཐག་ས་གནས་ཀྱི་དངོས་ཡོད་གནས་སྟངས་ཤེས་ཐབས་དང་ཁོང་ཚོའི་ལུས་སེམས་ཀྱི་དཀའ་ངལ་སེལ་ཐབས་སོགས་ལ་དངོས་ཤུགས་བརྒྱུད་གསུམ་འབྲེལ་བ་བྱེད་མུས་ཡིན་ཞེས་བྱེས་འབྱོར་ཐེ་བོ་མི་མང་གི་མཆོད་འབུལ་གསལ་བསྒྲགས་ནང་མཁོད་འདུག

མདོ་སྨད་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གིས་ཞལ་འདེབས་བསྡུ་སློང་གི་ལས་འགུལ་ཞིག་ཀྱང་སྤེལ་བཞིན་འདུག་པས་དེའི་སྐོར་མདོ་སྨད་དབུས་རྒྱུན་ཚོགས་གཞོན་མགོན་པོ་དོན་གྲུབ་ལགས་ཀྱིས་གསུང་དོན། ཞལ་འདེབས་འདི་ང་ཚོ་མདོ་སྨད་དབུས་རྒྱུན་ནས་ཞུ་བཞིན་ཡོད། རིམ་བཞིན་རང་གཞུང་བཀའ་ཤག་ལའང་འབོད་སྐུལ་ཞུས་ནས་ཚོགས་སྡེ་ཁག་ནས་ཞལ་འདེབས་གང་བྱུང་བ་རྣམས་རྗེས་སུ་ས་གནས་རང་ལ་གཏོང་བར་འབད་རྩོན་བྱེད་བཞིན་ཡོད་ཅེས་གསུངས་སོང་།

{jcomments on}

Share this:
༢༠༣ ཀློག་གྲངས།