ད་ལྟ་ཡིན་ན་ཡང་ཚོགས་འདུར་ཤོག་ལབ་དུས་སྙིང་ཚ་ཤར་ཤར་བྱེད་ཀྱི་འདུག

ཨ་མ་ཡིད་དགའ་ལྷ་མོ་ནི་རྒྱ་ནག་གིས་བོད་ལ་བཙན་འཛུལ་དབང་བསྒྱུར་སྐབས་ཀྱི་དཀའ་ངལ་དངོས་ནང་ཚུད་མཐར་བཙན་བྱོལ་དུ་འབྱོར་བ་ཞིག་ཡིན་ཞིང་། མོས་མཐོང་ཐོས་མྱོང་གསུམ་གྱི་ཐོག་ནས་ཡིད་དགའ་ལྷ་མོའི་དམངས་ཀྱི་ལོ་རྒྱུས་རྒྱུ་ཆ་ཞེས་པའི་དཔེ་དེབ་ཅིག་བཏོན་ཡོད་པ་དེ་དང་འབྲེལ་ནས་བཅར་འདྲི་ཞིག་བྱས་ཡིན།

དྲི་བ། ཁྱེད་རང་ངོ་སྤྲོད་མདོར་བསྡུས་ཤིག་གནང་རོགས།

ལན། ངའི་མིང་ལ་ཡིད་དགའ་ལྷ་མོ་ཟེར། ཕྱི་ལོ་༡༩༥༡ ལོར་མདོ་ཁམས་ནང་ཆེན་གྱི་སྡོམ་པའི་མངའ་ཁོངས། རྒོད་ཚང་མདའ་ལ་སྦྲ་ཆེན་ཚང་གི་བུ་མོར་སྐྱེས་པ་རེད། ལོ་༧ བར་དུ་ཕ་མ་གཉིས་མཉམ་དུ་བསྡད་ཡིན། ལོ་༨ ལ་སོན་དུས་ཕ་ཡུལ་ལ་དུས་འགྱུར་བྱུང་ནས་སྔ་ཕྱི་ལོ་༢༠ ཙམ་ལ་དམངས་གཙོ་བཅོས་སྒྱུར་དང་། རིག་གནས་གསར་བརྗེ་ཆེན་མོའི་སྐབས་དངངས་སྐྲག་དང་བཀྲེས་སྐོམ། འཁྱག་གྲང་གི་དཀའ་ངལ་སྣ་ཚོགས་པ་འཕྲད་སོང་། མཐར་མ་ཤི་གསོན་གནས་བྱུང་ཐུབ་ཙམ་རེད་སོང་། ང་ལོ་༤༥ ཐོག་ཕྱི་ལོ་༡༩༩༦ ལོར་རྒྱ་གར་ལ་སྐྱབས་བཅོལ་དུ་འབྱོར་ནས་ད་ལྟའི་བར་བཙན་བྱོལ་ནང་གནས་སྡོད་བྱེད་བཞིན་ཡོད།

དྲི་བ། ཁྱེད་ཀྱིས་༼ཡིད་དགའ་ལྷ་མོའི་དམངས་ཀྱི་ལོ་རྒྱུས་རྒྱུ་ཆ་༽ཞེས་པའི་དཔེ་དེབ་འདི་བཏོན་དགོས་པའི་རྒྱུ་མཚན་ག་རེ་ཡིན་ནམ།

ལན། སྤྱི་ཚོགས་རྙིང་པའི་སྐབས་སུ་ཕ་མ་ཁ་འཛོམས་དང་། ཡུལ་མི་ཁྱིམ་མཚེས་རྣམས་ཞི་བདེ། བག་ཕེབས། བདེ་འཇགས། སྐྱིད་པོ་ཡོད་རེད། དེ་ང་རང་གི་སྤྱི་ཚོགས་རྙིང་པའི་སྐབས་ཀྱི་མཐོང་ཚུལ་རེད། དེའི་རྗེས་སུ་དུས་འགྱུར་བྱུང་ནས་བཟུང་། ང་རང་ཆུང་ཆུང་སྐབས་སུ་ནས་སྐྲག་སྐྲག་འདར་འདར་རེད་བསྡད་པ་རེད། དེ་ནས་རིམ་པས་རིམ་པ་བཞིན་དུ་སྔོན་མ་ནས་གོ་བསྡད་པ་དེ་རིག རིག་བསྡད་པ་དེ་མྱོང་། མྱོང་དུས་མི་དེ་ཚོ་འཆི་སྟངས། འཁྱགས་སྟངས། འགྲོ་སྟངས། འདུག་སྟངས། ངའི་གཉེན་ཉེ་དུ་དང་ཤག་ཕུ་ནུ། སྡོད་རོགས། ཁྱིམ་མཚེས་སོགས་མི་རེ་རེ་བཞིན་དུ་ཧ་ལམ་ཤི་སྟངས་དེ་ཚོ་རིག་སོང་། ཁ་ཤས་ཁ་ཤས་ཁ་འཐོར་སོང་ནས་རིག་རྒྱུ་མེད་དུས་རྗེས་སུ་དེ་ཤི་སོང་རེད་བསམ་པ་མ་གཏོགས། གཞན་ཚང་མའི་གནས་སྟངས་མིག་གིས་རིག རྣས་གོ། ང་རང་ཚོས་མིག་མཐོང་ལག་ཟིན་ཟེར་བ་ནང་བཞིན་དེ་བྱུང་སོང་། དེ་ནས་ད་མུ་མཐུད་ནས་རིམ་པར་བྱུང་བའི་གནས་སྟངས་དེ་ཚོ་རྒྱུ་མཚན་གྱི་སྟེང་ནས་རེ་རེ་བཞིན་དེབ་ཐོག་ལ་འབྲི་རྒྱུ་ཕར་ཞོག ཧ་ལམ་ཁ་ནས་བཤད་དགོས་ན་བཤད་འདུག་ཚོད་ཡོད་མ་རེད་བསམ་བསམ་རེད། ཡིན་ནའང་། ཡིག་ཐོག་བཀོད་ཡོང་དུས་དེ་འདྲ་གཅིག་མི་འདུག་བསམ་བསམ་སྣང་སྲིད་ཀྱི་རེད་དེ། དེ་ལ་རྒྱུ་རྐྱེན་འགའ་མ་ཚང་ན་སྡེབ་གཅིག་ཏུ་བླུག་བཞག་པ་ནང་བཞིན་ཡོང་གི་མི་འདུག དེ་ཡིན་དུས་དེབ་འདི་འབྲི་དགོས་པའི་རྒྱུ་མཚན་ནི། ད་ངའི་ཕ་ཡུལ་ནས་བཙན་བྱོལ་ལ་འབྱོར་བའི་ནང་ནས་ང་ལས་རྒན་པ་དང་གཞོན་པ་མང་པོ་ཡོད་སྲིད་ཀྱང་། ང་ཚོའི་ས་ཆ་ནས་ང་ལས་ཆེ་ཙམ་སུ་ཡང་མི་གདའ།  དེ་འདྲ་ཡིན་དུས་ད་ངའི་མྱོང་ཚོར་དེ་ཟེར་ན། མི་མང་ཟེར་ན་རེད། གང་ལྟར་བོད་དེ་ཉག་ཕྲ་བའི་གནས་སྟངས་ལ་ཐུག དེ་འདྲ་རེད་ཡོང་དུས། ང་རང་ལ་བྱུང་ཚོར་དང་མཐོང་ཚོར། མྱོང་ཚོར་གང་བྱུང་བ་དེའི་ཐོག་ལ་སྔོན་མ་ནས་བསམ་བློ་བཏང་སྡོད་ཀྱི་ཡོད། དེ་ནང་བཞིན་དེའི་ཐོག་ལ་ལས་ཀ་ཞིག་ཨེ་ཐུབ་བལྟས་བསྡད་པ་ཡིན། འདིར་འབྱོར་ཚར་དུས་གཅིག་ལས་དགོས་བསམ་བསམ་ངང་ནས་དུས་ཚོད་མང་པོ་ཞིག་རྫོགས་ནས་ཡུན་རིང་པོ་འགོར་སོང་།  དུས་ཚོད་རིང་པོ་དེ་འདྲ་ཞིག་འགོར་ན་ཡང་དེའི་སྐོར་གྱི་གནས་སྟངས་ཚང་མ་བུ་མོ་ལ་ཡང་ནས་ཡང་དུ་བཤད་བསྡད་དུས་ད་ལྟ་ཧ་ལམ་བུ་མོས་ང་ལས་གསལ་བ་ལྟ་བུ་ཤེས་ཀྱི་འདུག དེ་མོ་རང་གིས་དངོས་སུ་མྱོང་ནས་ཤེས་པ་དེ་འདྲ་མ་རེད་དེ་ང་རང་གིས་སྔོན་མ་དྲན་སྒང་ཚོར་སྒང་ནས་བཤད་བཞག་པའི་རྒྱུ་མཚན་གྱིས་རེད།  དེ་རྗེས་ཡིག་ཐོག་ལ་འབྲི་དགོས་ལབ་ནའང་གནས་སྟངས་ཀྱི་དབང་གིས་ཏག་ཏག་ཅིག་མ་བྱུང་དུས་མཐའ་མར་བུ་མོའི་བཀའ་དྲིན་ལས་ཡིག་ཐོག་ལ་འབྲི་ཐུབ་སོང་།  སྒ་བསོད་ནམས་རྒྱལ་བས་འབྲི་རོགས་བྱས་སོང་།  དེ་དཔེ་མི་སྲིད་པའི་བཀའ་དྲིན་ཆེན་པོ་རེད་སོང་།  ང་རང་གི་མཐོང་ཐོས་མྱོང་གསུམ་དེབ་ཐོག་བཀོད་པའི་རྒྱུ་མཚན་གཙོ་བོ་དེ། མ་འོངས་པར་མི་ལ་ཕན་ཨེ་ཐོགས་བསམ་པ་དང་། ང་རང་གི་ན་འདྲ་ལོ་ཚོད་དེ་ཚོ་རྫོགས་ནས་ང་རང་ཕྱི་མ་འདྲ་པོ་ཆགས་ཀྱི་འདུག  བོད་ན་ཡོད་མཁན་ནང་ལ་ང་ལས་ཆེ་ཙམ་ཁ་ཤས་ཡོད་རེད་དེ།  དེ་ཚོས་འབྲི་དགོས་ན་གོ་སྐབས་དང་མཐུན་རྐྱེན་ཚང་ཡོད་མ་རེད། ང་རང་འདིར་སླེབས་བསྡད་དུས་བོད་མི་མང་པོ་འདི་འདྲ་བསད་སོང་རེད། མི་གྲངས་འདི་འདྲ་བསད་ཡོད་རེད། བསད་དགོས་པའི་རྒྱུ་མཚན་འདི་འདྲ་རེད། འདི་འདྲ་བསད་རེད་ཟེར་ནས་ཚང་མ་བཤད་ཐུབ་ཡ་ཡོད་མ་རེད་དེ། ང་རང་གི་གྲོང་ཚོ་དང་། གཡས་གཡོན་ནས་སྔོན་མ་ཡོད་པའི་མི་གྲངས་༧༠ ཡས་མས་ནས་ཕྱིས་སུ་མི་༣༠ ཙམ་མ་གཏོགས་ལྷག་མེད་པ་རེད། དེ་ཚོར་ཡག་པོ་བལྟས་ཡོང་དུས་མི་༣༠ ཚང་མ་ཡང་སྔོན་མའི་མི་༧༠ ནང་ནས་རེད་མི་འདུག དེའི་ནང་ཁ་འཐོར་ནས་ཡོང་བ་ཡང་འདུག  སྔོན་མའི་མི་༧༠ དེ་ང་རང་གི་མིག་མདུན་ནས་བསད་པ་དང་ཤི་བ་རྐྱང་རྐྱང་མ་རེད་དེ། གཞན་གྱིས་དེ་ལ་བསད་སོང་། དེ་ལ་ཤི་སོང་ཟེར་བ་དང་། ཁ་ཤས་འཐབ་རྩོད་བྱས་ནས་བཙོན་ཁང་ནང་ཁྲིད་སོང་བ་རྗེས་ནས་ཧ་གོ་བ་རེད།  ང་རང་ལ་ཆགས་བཞག་ན་འདི་འདྲ་སེམས་ནང་ལ་ངེས་དགོས་པའི་རྒྱུ་མཚན་དེ། ང་རང་གི་ཕ་ཡིན་ན་འདྲ། ཨ་ཁུ་དང་། ཞང་པོ། གཉེན་ཉེ་ཚང་མ་ཡོངས་རྫོགས་དེ་མེད་པར་གྱུར་སོང་།  ཆེ་ཆུང་ལ་མ་ལྟོས་པར་དུད་ཁྱིམ་ཚང་མ་གཏོར་སོང་། ད་ང་རང་གི་མཐོང་ཐོས་མྱོང་གསུམ་ཚང་མ་བཤད་དགོས་ན་མིག་ལ་ཤར། སེམས་ནས་དྲན་ཡོང་དུས་མིག་ཆུ་རང་དབང་མེད་པར་ཤོར་ནས་བཤད་ཐུབ་ཀྱི་མི་འདུག་དེ། ཐུབ་ཚོད་ཐུབ་ཚོད་རོབ་ཙམ་རོབ་ཙམ་བཤད་པ་ཡིན། གསོད་ལུགས་གསོད་སྟངས་དེ་ཚོ་ཧ་གོ་རིག་བསྡད་དུས་ད་ལྟ་ཡིན་ན་ཡང་ཚོགས་འདུར་ཤོག་ལབ་དུས་སྙིང་ཚ་ཤར་ཤར་བྱེད་ཀྱི་འདུག སྤུན་མཆེད་དེ་ཚོ་འཆི་ལུགས་འཁྱགས་ལུགས་དེ་ཚོ་དྲན་ཡོང་དུས་ང་རང་ཡ་ང་ནས་བཤད་ཐུབ་ཀྱི་མི་འདུག ཡིག་ངོགས་ལ་འབྲི་དུས་འབྲི་ཡ་ཡང་འཚེར་གྱི་འདུག ང་རང་གིས་མྱངས་ཚད་བཤད་དགོས་ན་བཤད་མི་ཐུབ་པ་མྱངས་དགོས་ཁེལ་སོང་། (མིག་ཆུ་དང་བཅས་) མྱོང་བ་ཚང་མ་གཅིག་བཤད་ན་མི་ཚོས་དེ་འདྲ་མྱངས་ཡོད་ན་མོ་ཤི་མི་འགྲོ་ནས་གསོན་པོར་གང་འདྲ་འདུག་ཐུབ་བསམ་པ་དྲན་ངེས་རེད་དེ། འཆི་ལ་མ་ཐུག་ན་ཤི་རྒྱུ་མི་འདུག  ང་རང་གི་ཞང་པོ་དང་ཨ་ཁུ། དེ་ག་ནང་བཞིན་ང་ཚོའི་ཡུལ་མིར་འཐབ་རྩོད་རྒྱག་ས་དང་། གཅར་རྡུང་བྱེད་ས་དེ་ཚོ་དངོས་སུ་མཐོང་སོང་། མཐའ་མར་དབུགས་ཆད་ས་མ་གཏོགས་ཚང་མ་མཐོང་སོང་། དེ་རྗེས་རིམ་པས་གྱེན་ལངས་ཀྱི་ཐོག་ནས་ངོ་རྒོལ་བྱས་ནས་འབྲོ་ས་མེད་ན་ཡང་བྲོས་ཐབས་བྱས་ནས་མི་མང་པོ་མེད་པ་ཆགས་སོང་། ང་རང་ཡིན་ན་གནས་སྟངས་དེ་འདྲ་ཞིག་གི་དབང་གིས་ཆབ་སྲིད་ཀྱི་ལས་དོན་ཆེ་ཕྲ་ཆུང་གསུམ་ཚང་མའི་ནང་ཚུད་ནས་དཀའ་ངལ་རབ་དང་རིམ་པ་འཕྲད་དེ་ཤི་མ་ཐུབ་པ་རེད་མ་གཏོགས་མྱོང་དགོས་རྒྱུ་ཚང་མ་མྱངས་སོང་། ད་ལྟའི་གཟུགས་པོའི་གནས་སྟངས་སྐྱོ་པོ་འདི་འདྲ་ཆགས་པ་དེ་ཡང་སྐབས་དེ་དུས་ཀྱི་མནར་གཅོད་དང་སྡུག་སྦྱོང་ལ་བརྟེན་ནས་ཆགས་སོང་། པ་ལགས་རི་ལ་བྲོས་ས་ནས་བསད་སོང་། ཨ་མས་གཅར་རྡུང་རྐྱང་རྐྱང་མྱངས་ནས་ལུས་པོའི་རྩ་འཁུམས་ཏེ་ཞ། སྨྱོན་པ་ཆགས། མཐར་གྲོངས་སོང་། ད་དེ་འདྲ་རེད། དེབ་འབྲི་དགོས་པའི་རྒྱུ་མཚན་དེ་བོད་མི་རིགས་ཀྱི་ཕྱི་ཤུལ་ལ་གཅིག་ཕན་ཨེ་ཡོང་བསམ་པ་མ་གཏོགས། འདི་འབྲི་ནས་ང་རང་ལ་ཟ་རྒྱུ་གསོག་རྒྱུ་རག་ཡོང་བསམ་པ་ཅི་ཡང་མེད།

དྲི་བ། དེབ་འདི་འབྲི་དུས་ཁྱོད་རང་ལ་དམིགས་བསལ་དཀའ་ངལ་འདྲ་འཕྲད་སོང་ངམ།

ལན། དམིགས་བསལ་དཀའ་ངལ་ཟེར་ན། ངས་ཕ་ཡུལ་གྱི་སྐད་རྒྱག་གི་ཡོད་དུས་དེབ་འབྲི་མཁན་དང་ང་གཉིས་བར་ལ་གོ་བརྡ་མ་འཕྲོད་ནས་དཀའ་ངལ་འཕྲད་སོང་དེ། དེའི་ཐད་ནས་བུ་མོས་རོགས་སྐྱོར་བྱས་ནས་དཀའ་ངལ་སེལ་ཐུབ་སོང་། མ་གཞི་གོང་དུ་བཤད་པ་བཞིན་ནམ་རྒྱུན་ངའི་མྱོང་བ་རྣམས་བུ་མོར་བཤད་འདུག་དུས། མོ་རང་གིས་ང་ལས་གསལ་བ་ལྟ་བུ་ཤེས་ཀྱི་རེད། གཞན་སྔོན་མའི་ལོ་རྒྱུས་བཤད་སྐབས་མིག་ཆུ་ཤོར་ནས་བཤད་མི་ཐུབ་པ་དང་། མཚན་མོར་རྨི་ལམ་འཁྲུག་པ་དང་གཉིད་ཁུག་མི་ཐུབ་པའི་དཀའ་ངལ་ཐེངས་མང་པོར་བྱུང་སོང་།  དེའི་སྒང་ལ་ནམ་རྒྱུན་ནས་ང་ལ་སྐད་ཆ་འདི་འདྲའི་རིགས་བཤད་པའི་ཉམས་མྱོང་མེད་དུས་གྲ་འགྲིག་པོ་ཡོང་གི་མི་འདུག བཤའ་བཅོས་མང་པོ་བཏང་ནས་སྔོན་མ་ནང་བཞིན་རིག་པ་གསལ་པོ་མེད་པ་ཆགས་སོང་། དེ་འདྲ་ཡིན་དུས་བཤད་དགོས་པ་རྣམས་དུས་ཚོད་དུས་ཚོད་ལ་མི་དྲན་པའི་དཀའ་ངལ་ཡང་བྱུང་སོང་།  ཡུན་རིང་པོར་བཤད་ནས་ཙོག་ཙོག་བྱས་བསྡད་དུས་གཟུགས་པོའི་གནས་སྟངས་ཡག་པོ་མེད་ནས་འདུག་མི་ཐུབ་པའི་དཀའ་ངལ་ཡང་བྱུང་སོང་།

དྲི་བ། དེབ་འདིའི་ནང་བཤད་དགོས་པའི་སྐད་ཆ་ཚང་མ་བཤད་ཐུབ་སོང་ངམ། དཔེ་དེབ་འདི་འདོད་པ་ཁེངས་པ་ཞིག་བྱུང་སོང་ངམ།

ལན། སྤྱིར་བཏང་གི་ཆ་ནས་ང་རང་གི་མཐོང་ཐོས་མྱོང་གསུམ་དེ་དེབ་ཐོག་ལ་བཀོད་ཨེ་ཐུབ་བསམ་བསྡད་པ་དེ་བཀོད་ཐུབ་དུས་དཔེ་མི་སྲིད་པའི་དགའ་པོ་བྱུང་། ཡིན་ན་ཡང་། གོང་དུ་བཤད་པ་ནང་བཞིན་མཐོང་ཐོས་མྱོང་གསུམ་གྱི་ཚང་མ་ཡིག་ཐོག་ལ་ཕབ་རྒྱུ་བཞག་ནས་ཁ་ནས་མར་བཤད་འདུག་དགོས་ན་དཀའ་མོ་རེད། དེ་ཡིན་དུས་གཙོ་བོ་དུད་སྒོ་ཁག་ཐེག་རྗེས་ཀྱི་རྩ་ས་རྩོད་གླེང་སོགས་ཀྱི་འབྱུང་རྐྱེན་མཚོན་པའི་གནས་ཚུལ་མང་པོ་ཞིག་བཀོད་ཐུབ་མ་སོང་།  སྤྱིར་བཏང་གི་ཆ་ནས་དེབ་དེའི་ནང་ལ་ས་ཁྲ་ལྟ་བུ་ཞིག་ལས་གནས་ཚུལ་ཞིབ་ཕྲ་བཀོད་ཐུབ་ཡོད་མ་རེད། དེ་ནི་རྩོམ་པ་པོའི་དུས་ཚོད་དང་གནས་སྟངས་ཀྱི་དབང་གིས་རེད།

དྲི་བ། གོང་དུ་དེབ་འདི་འབྲི་དགོས་པའི་རྒྱུ་མཚན་བརྗོད་སྐབས་ཨ་མས་གོང་དུ་བོད་ནང་ནས་སྡུག་པོ་མྱོང་བའི་སྐོར་མང་པོ་ཞིག་གསུངས་སོང་། ད་ལྟ་བཙན་བྱོལ་ནང་དུ་འབྱོར་ཚར་དུས་ཚོར་བ་ག་འདྲ་ཞིག་ཡོང་གི་འདུག འདི་ནས་རེ་བ་ག་རེ་ཡོད།

ལན། ང་བཙན་བྱོལ་ནང་ལ་སླེབས་ཐུབ་པ་འདིར་དགའ་པོ་དཔེ་མེད་བྱུང་།  འགོའི་དཔོན་དང་ལུས་ཀྱི་ལྷ་ཟེར་བ་ནང་བཞིན་བོད་མི་ས་ཡ་དྲུག་གི་དབུ་ཁྲིད་དང་བླ་ཆེན་ཁག་འདིར་བཞུགས་ཡོད་རེད། དེ་ནས་གནས་རྩ་ཆེན་དེ་ཚོར་མཇལ་སྐོར་འགྲོ་རྒྱུ་ཡང་བྱུང་། དེའི་སྒང་ལ་ང་དང་ང་འདྲ་བའི་བོད་མི་མང་པོ་ཞིག་དུས་ལོག་གི་སྐབས་སུ་འཇིག་རྟེན་ཕྱི་མར་བཞུད་ཚར་རེད་དེ།  ང་རང་དེའི་ནང་ནས་བཙན་བྱོལ་རང་དབང་ལུང་པར་སླེབས་ཐུབ། དེ་མ་ཟད་ཚང་མའི་ཚབ་མཚོན་ཐུབ་པའི་ཆེད་དུ་ང་རང་གི་མཐོང་ཐོས་མྱོང་གསུམ་མདོར་བསྡུས་ཤིག་དེབ་ཐོག་བཀོད་ཐུབ་དུས་ང་རང་གསོན་པ་དེ་གོ་ཆོད་པར་བརྩི་ཡི་ཡོད། ད་རེ་བ་ནིི་ང་དང་ང་འདྲའི་ལོ་རྒན་ཚོས་རང་གི་བུ་བརྒྱུད་གཙོས་པའི་གཞོན་སྐྱེས་ཚོར་རང་མི་རིགས་ཀྱི་བྱུང་རིམ་དང་། ལོ་རྒྱུས་སོ་སོས་གང་ཤེས་པ་དེ་བཤད་རྒྱུ་དང་། བུ་རྒྱུད་ཚོ་ཡིན་ན་ཡང་དེ་ཚོ་ལ་དོ་སྣང་དང་ཤེས་པ་བྱ་རྒྱུ་དཔེ་མི་སྲིད་པ་གལ་ཆེན་པོ་རེད་བསམ་གྱི་ཡོད།

དྲི་བ། དཔེ་དེབ་འདིའི་ནང་དོན་གནད་བསྡུས་ཤིག་གསུང་རོགས།

ལན། ནང་དོན་གཙོ་བོ་དེ་བོད་ས་མ་ཤོར་གོང་གི་རང་ཡུལ་གྱི་ཆ་ལུགས་དང་། འབྲོག་ལས་ཞིང་ལས་གཙོས་པའི་བྱ་བ་སྒྲུབ་ལུགས། འཚོ་བ་སྐྱེལ་ལུགས། རང་ཡུལ་གྱི་སྣོད་བཅུད་གཉིས་ཀྱི་ཆགས་སྟངས། ཅ་དངོས་ཀྱི་རིགས། དུས་འགྱུར་སྐབས་ཀྱི་གནས་སྟངས་དང་དཀའ་སྡུག དེའི་རྗེས་ཀྱི་དམངས་གཙོ་བཅོས་སྒྱུར། རིག་གནས་གསར་བརྗེ་ཆེན་མོ་ལ་སོགས་པའི་དུས་འགྱུར་རིམ་པ་བྱུང་བ་དག དེ་བཞིན་རང་ཡུལ་དང་ཁ་བྲལ་ནས་གནས་སྐོར་གཙོས་པའི་བཙན་བྱོལ་ལ་འབྱོར་ལུགས། རང་ཡུལ་གྱི་དམངས་ཁྲོད་ཀྱི་འགུར་མོ་དང་གླུ་ཤག གཏམ་དཔེ་བཅས་ཀྱི་སྐོར་རེད།

དྲི་བ། ཨ་མ་ལགས་ཀྱི་དཔེ་དེབ་ནང་གླུ་ཤག་དང་འགུར་མོ། གཏམ་དཔེ་དེ་ཚོ་བཀོད་རྒྱུའི་བསམ་བློ་ག་འདྲ་འཁོར་བྱུང་། ད་དུང་ཡང་གླུ་ཤག་དེ་ཚོ་དྲན་པ་སོས་ཀྱི་འདུག་གམ།

ལན། གནའ་སྔ་མོ་འདྲ་ཡིན་ན་གཏམ་དཔེ་ལན་དཔེ་འཇོག་གི་ཐོག་ནས་སྐད་ཆ་བཤད་དུས་ཚིག་ཉུང་ལ་དོན་བསྡུས་པའི་དམིགས་བསལ་གྱི་ཁྱད་ཆོས་དེ་འདྲ་ཡོད་རེད། དེང་སང་ད་གཏམ་དཔེ་གཏམ་སྐྱོར་ཉམས་ནས་བཤད་མཁན་གྱིས་བཤད་མི་ཤེས། ཉན་མཁན་གྱིས་ཉན་མི་ཤེས་པ་ཆགས་འགྲོ་ཡི་འདུག འགུར་མོ་དང་གླུ་ཤག་འདྲ་ཡིན་ན་ཁ་མཚར་རྩེད་སྤྱད་དང་། དགའ་སྡུག་གི་སྐད་ཆ་ག་འདྲ་ཞིག་ཡིན་ན་དེའི་ཐོག་ནས་བཤད་ཀྱི་ཡོད་རེད། གནའ་སྔ་མོར་ཡི་གེ་ཤེས་མཁན་ཡིན་ན་འདྲ། མི་ཤེས་མཁན་ཡིན་ན་འདྲ། དེ་ཚོའི་རིགས་དེ་དར་སྲོལ་ཆེན་པོ་ཡོད་དུས་མང་ཆེ་བས་ཤེས་ཀྱི་རེད། ང་རང་འདྲ་པོ་ལ་ཆ་བཞག་ན་དེ་ཚོའི་རིགས་ལ་དོ་སྣང་ཡོད་མཁན་དང་དགའ་མཁན་ཞིག་ཡིན། མ་ཟད་ལས་སླ་པོ་ཤེས་མཁན་དང་ཤེས་པ་རྣམས་སེམས་ནས་དྲན་པ་བརྗེད་ཀྱི་མི་འདུག མ་གཞི་ང་ཡིད་འཇོག་ཆེན་པོ་ཡོད།  དེ་ཚོ་ད་ལྟ་ང་རང་གིས་ཤེས་བསྡད་དུས་ང་རང་ལ་མཚོན་ན་དེ་ཚོའི་ཐོག་ནས་སྐད་ཆ་བཤད་རྒྱུ་བྱུང་ན་དམིགས་བསལ་གྱི་ཚོར་བ་ཡོང་གི་འདུག དེང་སང་ཕ་ཡུལ་གྱི་གཞོན་སྐྱེས་ཁ་ཤས་ཀྱིས་གླུ་ཤག་དང་འགུར་མོ་ལེན་གྱི་འདུག་སྟེ་སྔོན་མའི་དེ་བསྒྱུར་བཅོས་འདྲ་བཏང་། དེ་འདྲ་བྱེད་འོང་དུས་སྔོན་མའི་གོ་བ་དེ་ཚོ་ཏག་ཏག་མེད་པ་འདྲ་པོ་དང་། ཚོར་བ་དེ་ཙམ་སྤྲད་མ་ཐུབ་པ་འདྲ་པོ་སྣང་གི་འདུག དེ་ཡིན་དུས་ང་རང་གིས་ད་ལྟ་གསལ་པོ་གང་དྲན་པ་རྣམས་སྔ་མོ་འདི་འདྲ་ཞིག་ཡོད་ས་རེད་བསམ་བསམ་གྱི་ཕན་ཐོགས་ཡོང་ན་བསམ་ནས་དེབ་ཐོག་བཀོད་པ་ཡིན། སྔོན་མ་ནང་བཞིན་གླུ་ཤག་དང་འགུར་མོ་གཏོང་རེས་བྱེད་མཁན་མེད་དུས་ད་ལྟ་ང་རང་གཅིག་པུས་གླུ་ཤག་ལེན་རེས་བྱེད་རྒྱུ་ཡོད་མ་རེད། དེ་ཡིན་དུས་ཚང་མ་དྲན་རྒྱུ་ཏོག་ཙམ་ཁག་པོ་གདའ། ཕ་ཡུལ་གྱི་ས་ཆ་ནང་བཞིན་བྱ་བྱིའུ་དང་རྩ་རྩི་ཏོག་ཡོད་སའི་ས་ཆ་ཁ་མཐོ་སར་འགྲོ་དུས་མང་པོ་ཞིག་རང་བཞིན་ནས་དྲན་འོང་གི་གདའ།

དྲི་བ། མཐའ་མ་དེར་བརྒྱུད་ལམ་འདི་བརྒྱུད་ནས་བཤད་འདོད་པའི་སྐད་ཆ་གཞན་འདྲ་ཡོད་དམ།

ལན། གཞན་དམིགས་བསལ་གང་མེད། ད་གཙོ་བོ་དེབ་འབྲི་མཁན་རེད། པར་སྐྲུན་བྱེད་མཁན་བོད་ཀྱི་དཔེ་མཛོད་ཁང་རེད། ང་རང་གི་བུ་མོ་པདྨ་མེ་ཏོག་རེད་ཚང་མར་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། ད་ངའི་རེ་བར་ང་ནི་མི་རྒས་འཁོགས་ཡིན་དུས་སྔ་ཕྱི་མ་གཏོགས་འགྲོ་བཞག་གི་རེད། དེབ་འདི་ཕྱིར་བལྟས་བྱེད་ས་ཞིག་ཆགས་པའི་རེ་བ་བྱེད་ཀྱི་ཡོད། །

གསར་འགོད་པ་བཀྲ་ཤིས་དོན་གྲུབ་ཀྱིས་བཅར་འདྲི་བྱས།

 

Share this:
༥༩ ཀློག་གྲངས།