༧གོང་ས་མཆོག་མ་ནཱ་ལི་སོགས་སུ་མཛད་འཕྲིན་ལེགས་གྲུབ་བྱུང་བ།

གོང་ས་མཆོག་ཟླ་འདིའི་ཚེས་༡༧ ཉིན་ནས་བཟུང་ཀུ་ལུ་རྫོང་ཁོངས་སུ་དྭགས་པོ་བཤད་སྒྲུབ་གླིང་དུ་ཕེབས་ནས་ཕྱི་ནང་གི་མི་མང་༣༠༠༠ ཙམ་ལ་བྱང་ཆུབ་སེམས་ཀྱི་སྡོམ་པ་འབོག་ཆོག་གི་གསུང་ཆོས་གནང་བ་དང། དེ་བཞིན་བླང་དོར་བཀའ་སློབ་ཟབ་རྒྱས་གནང་བ་མ་ཟད། པཱ་ཏི་ཀུལ་བོད་ཁྱིམ་ལག་ཤེས་ལས་རིགས་སློབ་གྲྭར་ཕེབས་ནས་དེར་འདུས་ཀྱི་དགེ་སློབ་རྣམས་ལ་གནའ་དེང་གི་ཤེས་ཡོན་ལ་སྦྱང་བརྩོན་དགོས་པའི་བཀའ་སློབ་ཟབ་རྒྱས་གནང་ཡོད་པ་རེད། དེ་བཞིན་མ་ནཱ་ལིར་ཡོད་པའི་གདན་ས་གསུམ་དགའ་ལྡན་ཐེག་མཆོག་གླིང་དུ་ཇི་ལྟར་གསོལ་འདེབས་ཞུས་དོན་བཞིན་ཆིབས་བསྒྱུར་དང། འབྲུག་པ་བཀའ་བརྒྱུད་ཀྱི་དགོན་པ་འཆི་མེད་དགའ་ཚལ་གླིང་དུའང་ཆིབས་བསྒྱུར་གནང་ཡོད་པ་རེད།

ཚེས་༡༨ ཉིན་ག་ཤཱའི་མངའ་ཁོངས་སུ་ཡོད་པའི་ཇི་སི་པཱ་ཞེས་པའི་ས་གནས་ཆིབས་བསྒྱུར་གནང་བའི་ལམ་བར་དུ་སི་སུ་མགྲོན་ཁང་ཞེས་པར་ཉིན་གུང་ལྗགས་སྨིན་གནང་བ་དང། སྐབས་དེར་ཕེབས་བསུར་ཡོང་བའི་ག་ཤཱའི་མི་མང་༢༠༠ ཙམ་ལ་མཇལ་འཕྲད་དང་བཀའ་མོལ་གནང་བ་མ་ཟད། ནང་ཆོས་ཀྱི་ལས་རྒྱུ་འབྲས་དང། སྐྱབས་གནས་དཀོན་མཆོག་གསུམ་གྱི་སྐོར་ལ་ངོ་སྤྲོད་གནང་བ་མ་ཟད། དེ་རྗེས་བཅོམ་ལྡན་འདས་ཀྱི་མཚན་སྔགས་དང་། མ་ཎི། བཛྲ་གུ་རུ། རྗེ་བཙུན་སྒྲོལ་མའི་གཟུངས་སྔགས་སོགས་ཀྱི་བཀའ་ལུང་བསྩལ་ཡོད་པ་རེད། ཉིན་རྒྱབ་ཇི་སི་པཱའི་འབྲུག་ཆོས་འཁོར་སྡེའི་ཕོ་བྲང་དུ་ཞབས་སོར་འཁོད་ནས་མངའ་སྡེའི་གྲོས་ཚོགས་ཀྱི་འཐུས་མི་ཟུར་པ་སོགས་ཀྱི་ཕེབས་བསུ་ཞུས་འདུག ཇི་སི་པཱར་དེ་སྔོན་༧གོང་ས་མཆོག་གིས་དུས་འཁོར་དབང་ཆེན་ཞིག་ཀྱང་གནང་མྱོང་ཡོད་པ་རེད།

ཚེས་༡༩ ཉིན་འབྲུག་ཆོས་འཁོར་སྡེའི་ཕོ་བྲང་དུ་ཡུལ་མི་དང། ཕྱི་གླིང་བ་སོགས་མི་གྲངས་༤༠༠༠ ལྷག་ལ་སྔོན་འགྲོའི་གསུང་ཆོས་བྱང་ཆུབ་ལམ་སྒྲོན་གཙོ་བོར་གྱུར་པའི་ནང་ཆོས་ངོ་སྤྲོད་གནང་བ་དང། དེ་ནས་བདེ་མཆོག་དྲིལ་བུ་ལྷ་ལྔའི་བཀའ་དབང་བསྩལ་ཡོད་པ་རེད། དེ་བཞིན་ཚེས་༢༠ ཉིན་ས་གནས་དེ་རང་དུ་བྷོ་ཊི་ཞེས་པའི་བོད་ཡིག་ཚགས་པར་དབུ་འབྱེད་གནང་བ་དང། དེ་དང་འབྲེལ་ནས་ཚགས་པར་ནང་དུ་གནས་ཚུལ་ཕྱོགས་སུ་མ་ལྷུང་བའི་སྒོ་ནས་སྤེལ་རྒྱུ་གལ་ཆེན་ཡིན་སྐོར་དང། སྤྱི་ཚོགས་ནང་དུ་ཆོས་པའི་མིང་འཁྱེར་མཁན་དང། ཆབ་སྲིད་ཀྱི་འགོ་ཁྲིད། དེ་བཞིན་ཚོང་པ་སོགས་ཀྱི་མ་འགྲིག་པ་ཡོད་ཚེ་ཚགས་པར་ནང་དུ་དངོས་ཡོད་གནས་ཚུལ་གསལ་འདོན་བྱེད་རྒྱུ་གལ་ཆེན་ཡིན་པ་སོགས་ཀྱི་བཀའ་སློབ་ཟབ་རྒྱས་གནང་འདུག དེ་ནས་ཆོས་ངོ་སྤྲོད་དང་འབྲེལ་བའི་སྒོ་ནས་འཕགས་པ་སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་གི་བཀའ་དབང་བསྩལ་ཡོད་པ་རེད།

ཚེས་༢༡ ཉིན་མ་ནཱ་ལི་རུ་ཡོད་པའི་རྙིང་མ་དགོན་པར་ཆིབས་བསྒྱུར་གནང་ནས་དེར་འདུས་ཕྱི་ནང་གི་མི་མང་༤༠༠༠ ཙམ་ལ་རྒྱལ་སྲས་ལག་ལེན་སོ་བདུན་མའི་བཀའ་ཁྲིད་གནང་བ་དང། གཞན་ཡང་ཀུན་སློང་རྣམ་པར་དག་པ་མ་བྱུང་ཚེ་ཕྱི་རྟག་ཏུ་ཆོས་འཆད་ཀྱི་ཡོད་པ་རེད་དེ། དོན་ངོ་མ་སྡིག་པ་གསོག་པའི་རྒྱུར་འགྲོ་རྒྱུའི་ཉེན་ཁ་ཡོད་པ་སོགས་ཀྱི་སྐོར་བཀའ་སློབ་ཟབ་མོ་གནང་ཡོད་པ་རེད། ཚེས་༢༢ ཉིན་རྒྱལ་སྲས་ལག་ལེན་སོ་བདུན་མའི་བཀའ་ཁྲིད་ཀྱི་འཕྲོ་རྣམས་གསུངས་པ་དང་འབྲེལ་ནང་ཆོས་ངོ་སྤྲོད་གནང་བ་དང། འཕགས་པ་སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་གི་བཀའ་དབང་ཟབ་མོ་བསྩལ་ཡོད་པ་རེད། ཉིན་རྒྱབ་ཏུ་མ་ནཱ་ལི་བོད་མིའི་ས་གནས་འགོ་འཛིན་གྱིས་ལོ་འཁོར་གཅིག་རིང་གི་ལས་བསྡོམས་སྙིང་བསྡུས་ཤིག་༸གོང་ས་མཆོག་ལ་སྙན་སྒྲོན་ཞུས་པ་སོགས་ཀྱི་མཛད་རིམ་རྣམས་ལེགས་པར་གྲུབ་ཡོད་པ་རེད།

ཚེས་༢༣ ཉིན་གྱི་ཞོགས་པ་ཆུ་ཚོད་༩ པའི་ཐོག་ཕྱིར་བཞུགས་སྒར་དྷ་རམ་ས་ལར་ཞབས་སོར་འཁོད་སྐབས་ས་གནས་བོད་མི་རྣམས་ཀྱིས་ཕེབས་བསུ་ཞུས་ཡོད་པ་རེད།།

{jcomments on}

Share this:
༥༡ ཀློག་གྲངས།