བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་༢༣ པ་དབུ་འཛུགས།

བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་༢༣ པའི་ནང་། བཙན་བྱོལ་བོད་མིའི་ས་གནས་གང་སར་ཡོད་པའི་ལྷ་མོའི་འཁྲབ་གཞུང་ཚོགས་པ་ཁག་བཅུ་གཉིས་མཉམ་ཞུགས་བྱས་འདུག

ཟླ་འདིའི་ཕྱི་ཚེས་༢༠ ཉིན་གྱི་སྔ་དྲོར་དྷ་ས་བོད་ཀྱི་ཟློས་གར་ཁང་གི་ཐང་སྟེང་དུ། བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་༢༣ པ་དབུ་འཛུགས་ཀྱི་མཛད་སྒོ་འཚོགས་སོང་ཞིང་། མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་དང་། བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་གྱིས་གཙོས་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་དང་། དྷ་སའི་གཡས་གཡོན་གྱི་སེར་སྐྱ་རྒན་གཞོན་ཕོ་མོ་མང་དག་ཅིག་འཛོམས་འདུག

མཛད་སྒོའི་ཐོག་མར་དྷ་ས་བོད་ཀྱི་ཟློས་གར་ཁང་གི་འགན་འཛིན་དབང་འདུས་ཚེ་རིང་གིས་ཕེབས་བསུའི་གཏམ་བཤད་དང་། བོད་ཀྱི་ཟློས་གར་ཁང་གི་ལས་བསྡོམས་སྙན་སྒྲོན། དེ་བཞིན་ལྷ་མོའི་འཁྲབ་སྟོན་དེ་ལོ་རྒྱུས་རང་བཞིན་གྱི་ཐོག་ནས་གལ་ཆེ་སྐོར་སོགས་ཀྱི་སྐོར་ལ་གཏམ་བཤད་གནང་སོང་།

དེ་རྗེས་མཛད་སྒོའི་སྐུ་མགྲོན་གཙོ་བོ་སྲིད་སྐྱོང་བློ་བཟང་སེང་གེས། ཞོ་སྟོན་ཞེས་པའི་ཐ་སྙད་ཀྱི་བྱུང་རིམ་དང་ལོ་རྒྱུས་ཀྱི་རྒྱབ་ལྗོངས་ཀྱི་སྐོར་ལ་“ལོ་རྒྱུས་ཀྱི་ཐོག་ནས་ཞོ་སྟོན་དེ་གལ་ཆེན་པོ་ཆགས་ཀྱི་ཡོད་རེད། ཐང་སྟོང་རྒྱལ་པོས་སྐུ་ལས་བསྐྱོན་ནས་ཁོང་གི་འཆར་སྣང་གཞིར་བཟུང་སོགས་གཞི་རྩའི་ལོ་རྒྱུས་ཀྱི་ཐོག་ནས་མང་པོ་ཡོད་ས་རེད། ཁོང་གིས་ལྕགས་ཟམ་མང་པོ་ཞིག་རྒྱག་དགོས་དུས་དེའི་ཆེད་དུ་དཔལ་འབྱོར་བསྡུ་རུབ་ཡོང་ཕྱིར་ལྷ་མོ་འཁྲབ་རྒྱུ་འགོ་འཛུགས་གནང་ནས། དེའི་བཀའ་དྲིན་ལ་བརྟེན་ནས་བོད་ནང་ལྕགས་ཟམ་མང་པོ་བཙུགས་ཐུབ་པ་བྱུང་ཡོད་རེད་ཟེར་བ་དང་། ༧གོང་ས་སྐུ་ཕྲེང་ལྔ་པ་ཆེན་པོས་ཐུགས་འཁུར་ཆེན་པོ་བཞེས་ནས་ལྷ་མོ་དར་སྤེལ་གནང་ཡོད་རེད། ད་ངས་ཞེ་དྲག་ཤེས་ཀྱི་མ་རེད་དེ། ཕྱིས་སུ་ཞོ་སྟོན་ཟེར་བ་དེ་འབྲས་སྤུངས་དགོན་པར་ག་དུས་ཡིན་ན་ཡང་། དབྱར་གནས་འཚོགས་གྲུབ་མཚམས་སུ་ལྷ་མོའི་འཁྲབ་སྟོན་པ་རྣམས་གདན་འདྲེན་ཞུས་ནས་འཁྲབ་སྟོན་བྱེད་སྐབས་ཞོ་གཅིག་འབུལ་གྱི་ཡོད་ས་རེད། དེ་འདྲ་བྱས་ནས་ཐ་སྙད་དེ་བྱུང་བ་འདྲ་”ཞེས་གསུངས་སོང་།

དེ་བཞིན་སྲིད་སྐྱོང་གིས་བཙན་བྱོལ་ནང་དུ་ལྷ་མོའི་འཁྲབ་སྟོན་གྱི་འཕེལ་རིམ་དང་། ད་ལྟའི་གནས་སྟངས། རིམ་པས་ཡར་རྒྱས་སོང་ཚུལ་བཅས་ཀྱི་སྐོར་གསུང་དོན། “བོད་ནང་ལ་རྒྱ་ནག་གིས་བཙན་འཛུལ་བྱས་ནས་ཆོས་དང་རིག་གཞུང་། སྐད་ཡིག་ཚང་མ་གཏོར་བཤིག་བཏང་སྟེ། བོད་རྒྱ་སྡེར་བསྒྱུར་བ་དང་། བོད་མི་རྒྱ་རིགས་ལ་བསྒྱུར་རྒྱུའི་འབད་བརྩོན་བྱེད་མུས་རེད། ཡིན་ན་ཡང་། ༧གོང་ས་མཆོག་གི་བཀའ་དྲིན་ལ་བརྟེན་ནས། གཙོ་ཆེ་ཤོས་བཙན་བྱོལ་ལ་འབྱོར་དུས་ཐོག་མར་ཟློས་གར་འཁྲབ་མཁན་དང་ལྷ་མོ་འཁྲབ་མཁན་ཉུང་ཤས་ཤིག་ལས་མེད་ཀྱང་ཁོ་རང་ཚོ་༧གོང་ས་མཆོག་གི་དྲུང་དུ་བཅར་དུས། ༧གོང་ས་མཆོག་ནས་ད་ལན་ཁྱོད་རང་ཚོ་ཉུང་ཤས་ཤིག་ལས་ཡོད་མ་རེད། ཡིན་ན་ཡང་། སེམས་ཤུགས་ཆགས་རྒྱུ་ཡོད་མ་རེད། ང་ཚོའི་རིག་གཞུང་དེ་སྲུང་སྐྱོབ་བྱེད་དགོས་རེད། གོང་འཕེལ་གཏོང་དགོས་རེད། རྣམ་པ་ཚོས་འབད་བརྩོན་གྱིས་ཤོག་ཨ། ཞེས་བཀའ་སློབ་གནང་བ་གཞིར་བཟུང་མི་ཐོག་རྒན་པ་རྣམས་ཀྱིས་སྐུ་ལས་བསྐྱོན་ནས་ལྷ་མོ་དེ་ཧྲ་ཐག་ཐག་སྲུང་སྐྱོབ་བྱེད་ཐུབ་པ་བྱུང་བ་མ་ཟད། དར་སྤེལ་འགྲོ་ཐུབ་པར་འབད་བརྩོན་གནང་དང་གནང་མུས་རེད། དེ་ནས་ཕལ་ཆེར་དྷ་རམ་ས་ལར་ཞོ་སྟོན་༡༩༩༣ ལོར་ཐོག་མར་འཁྲབ་ཐུབ་པ་བྱུང་འདུག དེ་དུས་སྐབས་སུ་ལྷ་མོའི་འཁྲབ་སྟོན་རུ་ཁག་ས་གནས་ཁག་བཞི་ལས་མི་འདུག དེ་ནས་རིམ་པས་མང་དུ་འགྲོ་རྒྱུ་འབད་བརྩོན་བྱས་འདུག དེ་སྔ་བཀའ་ཤག་སྐབས་༡༤ པའི་སྐབས་སུ་ཡིན་ན་ཡང་། ལྷ་མོ་དེ་ཧ་ཅང་རྩ་ཆེན་པོ་རེད། བོད་ནང་ལ་རྒྱ་ནག་གིས་གཏོར་བཤིག་གཏོང་གི་ཡོད་རེད། བཙན་བྱོལ་ནས་སྲུང་སྐྱོབ་བྱེད་དགོས་ཀྱི་རེད། དམིགས་བསལ་༧གོང་ས་མཆོག་གིས་ཀྱང་ལྷ་མོ་ཟེར་བ་དེ་ང་ཚོ་བོད་པའི་ཐུན་མོང་མ་ཡིན་པ་ཞིག་རེད། དེ་ཧ་ཅང་གལ་ཆེན་པོ་རེད་ཅེས་བཀའ་སློབ་མང་པོ་གནང་བ་བཞིན། ལྷ་མོ་འཁྲབ་མཁན་རྣམ་པ་ཚོས་ས་གནས་ས་ཐོག་ནས་སྐུ་ལས་བསྐྱོན་ཏེ། ད་ལྟ་བར་དུ་ཡར་རྒྱས་བཏང་ནས་འགྲོ་བསྡད་ཡོད་རེད། དེར་བཀའ་ཤག་སྐབས་༡༤ པའི་སྐབས་སུ་ཡིན་ན་ཡང་ཡར་རྒྱས་ཤུགས་ཆེ་རུ་གཏོང་རྒྱུ་ཡོད་ན། ང་ཚོས་མ་རྩ་ཐོག་མར་འབུམ་གསུམ་དང་། དེ་ནས་འབུམ་ལྔ། ལྷ་མོའི་ཚོགས་པ་ཡོད་བསྡད་པ་རྣམས་ལ་མ་རྩ་འབུམ་གསུམ་དང་། ལྷ་མོའི་ཚོགས་པ་གསར་པ་འཛུགས་མཁན་ཡིན་ན་འབུམ་ལྔ། དེ་ནས་འཁྲབ་ཆས་ཉོ་ཆེད་འབུམ་གཅིག་བཅས་ཀྱི་མཐུན་འགྱུར་སྦྱར་རྒྱུའི་གོ་སྐབས་བྱུང་སོང་། དེ་གཞིར་བཟུང་ཀོ་ལི་གྷལ་དང་། སྤོན་ཊ། ཕྱིས་སུ་ས་ཆ་ཁག་འགའ་ཤས་ནང་ལྷ་མོའི་ཚོགས་པ་གསར་པ་བཙུགས་ནས་ད་ལྟའི་ཆར་ང་རང་གིས་ཐོས་པ་ལྟར་ན། ལྷ་མོ་འཁྲབ་མཁན་ཁག་༡༢ ཆགས་བསྡད་འདུག སྔོན་མ་༡༩༩༣ ལོར་༤ ཡོད་པ་ནས་གྲངས་ཀ་འཕར་ཏེ་ད་ལྟ་༡༢ ཟེར་དུས་ལྡབ་གསུམ་ཙམ་མང་དུ་སོང་འདུག དེ་ཡིན་དུས་ལྷ་མོ་འཁྲབ་མཁན་ཚང་མས་སྐུ་ལས་བསྐྱོན་པར་བཀའ་དྲིན་ཆེན་པོ་ཞེ་དྲག་ཡིན།”ཞེས་གསུངས་སོང་།

ཡང་ཁོང་གིས་བོད་ཀྱི་ལྷ་མོའི་འཁྲབ་སྟོན་དེ་ཐུན་མོང་མ་ཡིན་པ་ཞིག་ཡིན་སྐོར་གསུང་དོན། “ནུབ་ཕྱོགས་རྒྱལ་ཁབ་ནང་ལ་ཡང་ལྷ་མོ་ལྟ་བུ་འཁྲབ་མཁན་བྱུང་འདུག ནམ་རྒྱུན་འཁྲབ་སྟོན་ཟེར་དུས་གཞས་གཏོང་རྒྱུ་དང་གཞས་འཁྲབ་རྒྱུ་ཡོང་གི་ཡོད་རེད། ཡང་ན་གཏམ་བརྗོད་འཁྲབ་རྒྱུ་ཡོང་གི་ཡོད་རེད། ལྷ་མོ་ཟེར་དུས་དེའི་ནང་ལ་གཏམ་བརྗོད་དང་། གཞས་གཏོང་ཡ། འཁྲབ་ཡ་གསུམ་ཀ་ཡོད་པ་ཞིག་ཆགས་བསྡད་འདུག ལྷ་མོའི་འཁྲབ་སྟོན་གྱི་སྡིངས་ཆ་བརྒྱུད་ནས་ནུབ་ཕྱོགས་རྒྱལ་ཁབ་ཁག་ལ་ཡིན་ན་ཐོག་མར་ཆོས་སྤེལ་ཆེད་ལྷ་མོ་འཁྲབ་པའི་ལམ་ལུགས་བྱུང་འདུག ཕྱིས་སུ་ཆབ་སྲིད་ཀྱི་དོན་དུ་ཡང་བེད་སྤྱོད་བྱས་ནས་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་གཞུང་དང་ལྷ་མོ་འཁྲབ་མཁན་གཉིས་བར་གདོང་ཐུག་བྱུང་སྟེ་གླེང་སློང་དེ་འདྲ་ཡང་བྱུང་འདུག རྒྱ་ནག་ལ་ཡིན་ན་ཡང་ཁོ་རང་ཚོའི་ལྷ་མོའི་བཟོ་འདྲ་པོ་ཞིག་འཁྲབ་རྒྱུའི་ལམ་ལུགས་ཤིག་འདུག ཡིན་ན་ཡང་། བོད་པའི་ལྷ་མོ་དེ་གཞན་དང་མ་འདྲ་བར་ཐུན་མོང་མ་ཡིན་པའི་རྩ་ཆེན་པོ་ཞིག་རེད་འདུག བཤད་པ་ལྟར་ན་ལྷ་མོས་གསུང་སྐད་བསྐྱོན་དུས་ང་ཚོས་ཡག་པོ་གོ་ཡི་མ་རེད་མ་གཏོགས། ཡག་པོ་གོ་ཐུབ་ན་དེའི་ནང་རྣམ་ཐར་ཧ་ཅང་རྩ་ཆེན་པོ་ཞིག་ཡོད་དུས་སོ་སོར་བྱིན་རླབས་འཇུག་པ་དང་བསོད་ནམས་ཀྱི་ཚོགས་གསོག་གི་ཡོད་རེད་ཟེར། དེ་ཡག་པོ་རྟོགས་ཐུབ་པ་ཡིན་ན་བྱམས་སྙིང་རྗེ་དང་ཡ་རབས་བཟང་སྤྱོད་ཟེར་བ་དེ་ཚོའི་སློབ་གསོ་ལྷ་མོའི་འཁྲབ་སྟོན་བརྒྱུད་ནས་རང་བཞིན་གྱིས་རྟོགས་ཐུབ་པ་ཡོང་གི་ཡོད་ཟེར་གྱི་ཡོད་རེད། དེ་ཡིན་དུས་ཚང་མས་ཡག་པོ་གསན་རོགས།”ཞེས་གསུངས་སོང་།

བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་༢༣ པའི་ནང་བཙན་བྱོལ་བོད་མིིའི་ས་གནས་གང་སར་ཡོད་པའི་ལྷ་མོའི་འཁྲབ་གཞུང་ཚོགས་པ་ཁག་བཅུ་གཉིས་མཉམ་ཞུགས་བྱས་ཡོད་པ་རྣམས། དྷ་ས་བོད་ཀྱི་ཟློས་གར་ཁང་དང་། ནོར་བུ་གླིང་ཁ། ཅོན་ཏ་ར་བཅས་ས་གནས་ཁག་གསུམ་ལ་ཆ་བགོས་ཀྱིས་འཁྲབ་གཞུང་རྣམས་འཁྲབ་རྒྱུ་ཡིན་འདུག་པ་ལས། ཉིན་དང་པོར་དྷ་ས་བོད་ཀྱི་ཟློས་གར་ཁང་དུ་ཞོ་སྟོན་རྒྱས་པ་ཐེངས་༢༣ པའི་དབུ་འབྱེད་མཛད་སྒོ་དང་འཁྲབ་སྟོན་རྩེ་ཕུད་བྱེད་བཞིན་ཡོད་པ་དང་། ཉིན་གཉིས་པ་སྟེ་ཕྱི་ཚེས་༢༡ ནས་བཟུང་དྷ་ས་བོད་ཀྱི་ཟློས་གར་ཁང་དུ་སྣང་ས་འོད་འབུམ་དང་། ཆོས་རྒྱལ་ནོར་བཟང་། དྲི་མེད་ཀུན་ལྡན། རྒྱལ་པོ་གོ་ཆ། རྒྱ་བཟའ་བལ་བཟའ་བཅས་རིམ་བཞིན་འཁྲབ་རྒྱུ་ཡིན་པ་དང་། དེ་བཞིན་ནོར་བུ་གླིང་ཁ་རུ། གཟུགས་ཀྱི་ཉི་མ་དང་། མཁན་སློབ་ཆོས་གསུམ། སྣང་ས་འོད་འབུམ་གསུམ་དང་། ཅོན་ཏ་ར་བོད་ཁྱིམ་དུ་སྣང་ས་འོད་འབུམ་དང་། གཟུགས་ཀྱི་ཉི་མ། འགྲོ་བ་བཟང་མོ་བཅས་འཁྲབ་རྒྱུ་རེད་འདུག

ད་ཐེངས་བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་༢༣ པའི་ནང་གི་ལྷ་མོའི་འཁྲབ་གཞུང་ཚོགས་པ་ཁག་ནི། ཅོན་ཏ་ར་བོད་ཁྱིམ་དང་། བལ་ཡུལ་ལྷ་ཚོགས། བྷན་རྡ་ར་ལྷ་ཚོགས། མན་སྤར་ལྷ་ཚོགས། བོད་ཀྱི་ཟློས་གར་ཚོགས་པ། ཀ་སྦུག་ལྷ་ཚོགས། མ་སུ་རི་ལྷ་ཚོགས། ཨོ་རི་ས་ལྷ་ཚོགས། སྦེལ་ཀོབ་ལྷ་ཚོགས། མོན་གྷོ་ལྷ་ཚོགས། ཀོ་ལེ་གྷལ་ལྷ་ཚོགས། སྤོན་ཊ་ལྷ་ཚོགས་བཅས་རེད་འདུག །

གསར་འགོད་པ་བཀྲ་ཤིས་དོན་གྲུབ།

Share this:
༩༩ ཀློག་གྲངས།