ཌོལ་ཀུན་ཨི་སཱ་ངོ་མཇལ་དང་། ངོ་སྤྲོད།

ཡུན་རིང་སེམས་དབུས་ནས་གུས་བཀུར་དང་ཡིད་སྨོན་ཞུ་ཡུལ་གྱི་ཕོ་རྒོད་ཌོལ་ཀུན་ཨི་སཱ་ Dolkun Isa མཆོག་མདང་དགོང་དངོས་སུ་མཇལ་བས། འཐབ་རྩོད་ཐད་སེམས་ནང་བཤད་དགོས་པ་མང་པོ་ཞིག་བཤད་ཆོག་པའི་སེམས་ཐག་ཉེ་པོ་དང་། འདྲེས་ཆེ་བའི་གྲོགས་པོ་ལྟ་བུའི་མཛའ་སེམས་འགོག་མེད་དུ་བྱུང་བ་ནི། དགྲ་བོ་གཅིག་པ་དང་། ཕུགས་འདུན་གཅིག་པ། མདོར་ན་ལས་དབང་གཅིག་པའི་འགན་འཁྲི་ཞིག་གིས་མཉམ་དུ་བཅིངས་བས་ཡིན་ངེས་ལ། དེ་བས་ཀྱང་ཁོང་གིས་འགན་འཁྲིའི་དོན་དུ་མི་ལོ་བཅུ་ཕྲག་དུ་མར་འཐབ་རྩོད་གནང་བའི་གཟི་བརྗིད་ཀྱི་ཤུལ་ལམ་དང། དགྲ་གཉེན་ངོས་འཛིན་གྱི་འདུ་ཤེས་བརྟན་པོས་དཀའ་ཉེན་ཁྲོད་ནས་འཐབ་རྩོད་ལས་མ་གཡོལ་བར། ལངས་ཕྱོགས་བརྟན་པོས་མུ་མཐུད་སོ་སོའི་མེས་རྒྱལ་སླར་གསོའི་དོན་ཆེན་འབད་བཞིན་པའི་ཁོང་གི་བྱ་སྤྱོད་དེས་ང་ཁོང་གི་ཐག་ཉེ་རུ་བཀུག་པ་ལོས་ཡིན།

སྤྱིར་ཁོང་དང་ང་གཉིས་གྲོགས་པོ་མིན་ཡང་འཐབ་རྩོད་ལ་རིན་ཐང་དང་། འགན་འཁྲི་དང་དུ་ལེན་མཁན་ཞིག་ལ་མཚོན་ན། འཐབ་རྩོད་ཀྱི་ལངས་ཕྱོགས་དང་བློ་སེམས་མཐུན་པ་ནི། སྤྱིར་བཏང་གི་གྲོགས་པོ་ལས་ཀྱང་གལ་གནད་ཆེ་བའི་རིན་ཐང་སྟེ། འཐབ་གྲོགས་ཀྱི་གཅེས་སེམས་དང་བློ་གཏད་ཀྱི་རིན་ཐང་དམིགས་བསལ་བ་ཞིག་ལོས་ཡོད།

མདང་དགོང་ང་ཚོས་བོད་ཀྱི་གསོལ་ཐབ་ཁང་དུ་ཡུ་གུར་གྱི་དབུ་འཁྲིད་ཌོལ་ཀུན་ཨི་སཱ་ཁོང་ལ་བོད་ལུགས་ཀྱི་གསོལ་ཚིགས་སྟབས་བདེ་ཞིག་ཕུལ་བའི་ཐོག་གུས་པས་ལས་འགུལ་སྐབས་ང་ཚོས་འགྲོ་བ་མིའི་ཐོབ་ཐང་སོགས་གནད་དོན་བྱེ་བྲག་པའི་ཐད་འཐབ་རྩོད་དགོས་ཀྱང་། རྒྱལ་ཁབ་ཀྱི་བདག་དབང་རང་བཙན་རྩོད་རྒྱུའི་རྩ་དོན་གྱི་ལངས་ཕྱོགས་དེ་ངེས་པར་རྩ་འཛིན་གསལ་སྟོན་དགོས་པ་ནི། རང་ཕྱོགས་ཀྱི་སེམས་སྤོབས་དང་འཐབ་རྩོད་མུ་མཐུད་གསོན་པོར་ཉར་ཐུབ་པ་དང་། དགྲ་ཕྱོགས་ཀྱིས་ང་ཚོའི་འཐབ་རྩོད་ལ་རིན་ཐང་བལྟ་ཚུལ་སོགས་ཕྱོགས་མང་པོ་ནས་ཧ་ཅང་གི་གལ་ཆེན་ཡིན་པ། དེ་བཞིན་མ་འོངས་མཉམ་རུབ་ཀྱི་ལས་འགུལ་སྤེལ་ཕྱོགས་སོགས་བསམ་ཚུལ་ཁག་ཅིག་ཞུས་པར། ཁོང་གིས་དེ་དག་གལ་ཆེན་པོ་འདུག་པ་དང་། ང་ཚོ་ཡུ་གུར་གཞོན་སྐྱེས་བརྒྱ་ཆ་དགུ་བཅུ་ཙམ་རང་བཙན་གྱི་ལངས་ཕྱོགས་གསལ་པོ་ཡིན་ཞིང་། ཁྱེད་ཚོ་བོད་ལ་རང་བཙན་དགོས་པ་དང་། ང་ཚོ་ཡུ་གུར་ལ་ཡང་རང་བཙན་དགོས་པ་མ་ཟད། ང་ཚོའི་དགྲ་བོ་གཅིག་ཡིན་པས། མ་འོངས་ལས་འགུལ་མཉམ་དུ་སྤེལ་རྒྱུ་དེ་གལ་ཆེན་པོ་འདུག སྔར་བོད་དང་ཡུ་གུར་གྱི་འཐབ་རྩོད་ཐད་ཕན་ཚུན་འབྲེལ་བ་ཟབ་མོ་ཡོད་པ་མ་ཟད། བོད་དང་ཡུ་གུར་ལྷོ་སོག་གསུམ་མཉམ་སྦྲེལ་མནའ་མཐུན་བྱུང་མྱོང་ཡོད་ཀྱང་། དེ་ནས་བོད་ཀྱིས་ཞི་མོལ་དང་རང་སྐྱོང་ཀྱི་ལངས་ཕྱོགས་བཟུང་བ་ནས་ང་ཚོ་དང་ཐག་རིང་དུ་སོང་ཡོད་ཀྱང་། ང་ཚོས་ངོས་ནས་བོད་དང་མཉམ་སྦྲེལ་བྱ་འདུན་ཡོད་པས། དེ་རིང་ཁྱེད་ཚོ་དང་ཐུག་པ་འདི་དགའ་པོ་བྱུང་གསུངས།

ངས་བོད་ཀྱི་རྒྱལ་དར་ཞིག་ཁོང་ལ་ཕུལ་ནས་“ང་ཚོས་བོད་རྒྱལ་ཁབ་དེ་ཉིན་ཞིག་སླར་གསོ་ཡོང་བ་དང་། ང་རང་ཚོའི་རྒྱལ་དར་འདི་མེས་རྒྱལ་དུ་སླར་ཡང་སྒྲེང་ཐུབ་པའི་ཉི་མ་ཞིག་ཡོང་བའི་ཡིད་ཆེས་བྱེད་ཀྱི་ཡོད་པས། ཉིན་དེར་ཁྱེད་འཐབ་གྲོགས་ཞིག་གི་ཆ་ནས་རྒྱལ་སྟོན་གྱི་ཉིན་མོར་སྐུ་མགྲོན་དུ་མཉམ་ཞུགས་ཐུབ་པའི་རེ་སྨོན་མཚོན་པར་རྒྱལ་དར་འདི་འབུལ་གྱི་ཡོད་”ཅེས་ལབ་པར། ཁོང་གིས་“ཧ་ཅང་དགའ་པོ་བྱུང་ངས་རྒྱལ་དར་འདི་ང་རང་གི་ལས་ཁུངས་ནང་འགེལ་གྱི་ཡིན་”གསུངས་སོང་།

ཁོང་གི་ངོ་སྤྲོད་མདོར་ཙམ་ཞུས་ན། སྤྱི་ལོ ༡༩༨༨ ལོར་ཤེན་ཅང་གཙུག་ལག་སློབ་གཉེར་ཁང་དུ་དམངས་གཙོའི་ལས་འགུལ་གྱི་དབུ་འཁྲིད་ཡིན་པ་དང་། སྤྱི་ལོ ༡༩༨༧ ལོར་ཁོང་གིས་སློབ་མའི་ཚན་རིག་དང་རིག་གཞུང་མཐུན་གྲོགས་གསར་འཛུགས་ཀྱིས་ཡིག་རྨོངས་སེལ་བའི་ལས་འཆར་དང་། ཤར་ཏུར་ཀི་སི་ཐན་ནང་དུ་ཚན་རིག་དང་སློབ་མའི་འགོ་འཁྲིད་ཡར་རྒྱས་གཏོང་བའི་ལས་འཆར་བཙུག་པས། ཁོང་སློབ་གླིང་ནས་ཕྱིར་འབུད་བྱས་ཀྱང་། ཁོ་རང་གི་དངོས་ཁམས་རིག་པའི་སློབ་སྦྱོང་མཐའ་བསྐྱལ་ཞིང་། ཏུར་ཀི་རུ་སོང་ནས་གྷ་ཛི་གཙུག་ལག་སློབ་གཉེར་ཁང་ Gazi University ནས་ཆབ་སྲིད་དང་སྤྱི་ཚོགས་རིག་གནས་གནས་ཐོག་གཙུག་ལག་རབ་འབྱམས་པ་སློབ་སྦྱོང་དང་། འཇར་མན་གྱི་གྲོང་ཁྱེར་མུ་ནེཀ་ཏུ་སློབ་སྦྱོང་གནང་།

ཚོང་ལས་ཆུང་ངུ་དང་མཉམ་རྒྱ་ནག་དང་། ཤར་ཏུར་ཀི་སི་ཐན་ལ་སྔ་རྗེས་བསྐྱོད་དེ། སྤྱི་ལོ ༡༩༨༨ ནས་ ༡༨༩༠ བར་རྒྱ་ནག་གཞུང་གི་ཡུ་གུར་ཐོག་འཛིན་པའི་གནས་ཚུལ་ཁག་བསྡུ་རུབ་བྱས་པ་དང་། སྤྱི་ལོ ༡༩༩༠ ནས་ ༡༩༩༤ བར་པེ་ཅིང་དུ་ཕྱི་རྒྱལ་གྱི་སྐད་ཡིག་གཙུག་ལག་སློབ་གཉེར་ཁང་ Foreign Language University ཁང་དུ་ཏུར་ཀི་དང་དབྱིན་ཡིག་སློབ་སྦྱོང་བྱས་པ་དང་མཉམ་དུ། ཡུ་གུར་གྱི་འབྲེལ་ཡོད་ལོ་རྒྱུས་ཡུ་གུར་སྤྱི་ཚོགས་ནང་དུ་འགྲེམས་སྤེལ་བྱས།

རྒྱ་ནག་གི་འཛིན་བཟུང་བྱེད་པའི་ཉེན་ཁའི་སྐབས་སྤྱི་ལོ ༡༩༩༤ ལོར་རང་གི་རྒྱལ་ཁབ་ནས་བྲོས་བྱོལ་བྱས་ཏེ། ཡོ་རོབ་ཏུ་སྐྱབས་བཅོལ་ལ་ཕེབས་པ་དང་། སྤྱི་ལོ ༢༠༠༦ ལོར་འཇར་མན་གྱི་མི་སེར་ཆགས་ཞིང་། དེང་སྐབས་འཇར་མན་གྱི་ལྷོ་ནུབ་གྲོང་ཁྱེར་མུ་ནེཀ་ Munich ཏུ་གནས་སྡོད་ཀྱིས་འཛམ་གླིང་ཡུ་གུར་གྲོས་ཚོགས་ཀྱི་ཚོགས་གཙོ་གནང་མུས་ལགས།

ཌོལ་ཀུན་ཨི་སཱ་དང་དོན་གྲུབ་ལྷ་དར།

སྤྱི་ལོ་ ༡༩༩༦ སྤྱི་ཟླ་གཉིས་པའི་ནང་ཁོང་གིས་འཇར་མན་དུ་འཛམ་གླིང་ཡུ་གུར་གཞོན་ནུ་ལྷན་ཚོགས་ World Uyghur Youth Congress གསར་དུ་བཙུགས་ཏེ། འགན་འཛིན་ལྷན་ཚོགས་ཀྱི་དབུ་འཛིན་དང་ཚོགས་གཙོ་གནང་། སྤྱི་ལོ་༢༠༠༤ ལོར་འཛམ་གླིང་ཡུ་གུར་གྲོས་ཚོགས་ World Uyghur Congress གསར་འཛུགས་སྐབས། གལ་ཆེའི་ཐུགས་འགན་བཞེས་པ་དང་། མཉམ་སྦྲེལ་རྒྱལ་ཚོགས་དང་། ཡོ་རོབ་གྲོས་ཚོགས་སོགས་ལ་ཡུ་གུར་གྱི་འགྲོ་བ་མིའི་ཐོབ་ཐང་ཐད་ཞུ་སྐུལ་འཐབ་རྩོད་གནང་། སྤྱི་ལོ ༢༠༡༧ ལོར་ཁོང་སྐུ་ཚབ་མེད་པའི་རྒྱལ་ཁབ་དང་མི་མང་སྒྲིག་འཛུགས་ Unrepresented Nations and Peoples Organisation (UNPO), ཀྱི་ཚོགས་གཞོན་དུ་འོས་འདེམས་བྱས་ཡོད་ཅིང། དེང་སྐབས་ཁོང་འཛམ་གླིང་ཡུ་གུར་གྲོས་ཚོགས་ཀྱི་ཚོགས་གཙོ་ལས་ཐོག་ཡིན་འདུག

དེ་ལྟར་ཁོང་གིས་དགྲ་གཉེན་ངོ་ཤེས་པའི་ཐོག་ནས་རྒྱ་ནག་གི་བཙན་འཛུལ་བཙན་གནོན་ལ་ངོ་རྒོལ་ནུས་པ་ཐོན་ཞིང་། རྒྱུན་འཆང་བ་སྤེལ་བས། རྒྱལ་གཅེས་པ་ཁོང་ལ་རྒྱ་ནག་གཞུང་གིས་འཇིགས་སྐུལ་རིང་ལུགས་པའི་ཉེས་མིང་བཙུགས་ཏེ། སྤྱི་ལོ ༢༠༠༣ ལོ་ནས་འཛིན་བཟུང་དགོས་པའི་མི་སྣ་གལ་ཆེ་ཤོས་དང་། རྒྱལ་སྤྱིའི་སྐོར་སྲུང་བར་བརྡ་ཁྱབ་དམར་པོའི་མིང་ཐོ་བཅས་ཀྱི་ནང་དུ་རྒྱ་ནག་གིས་བཅུག་ཟིན་པའི་མི་སྣ་གལ་ཆེན་ཞིག་ཆགས་ཡོད།

སྤྱི་ལོ་༢༠༡༦ ལོར་རྒྱ་གར་དུ་བསྐྱོད་རྒྱུའི་ཐོངས་ཆན་རག་པ་ལྟར། གནམ་གྲུའི་འཛིན་བྱང་ཉོས་ནས་ཐོན་ཚེས་ལ་སླེབས་ཉེའི་སྐབས་སུ། རྒྱ་ནག་གཞུང་གི་གནོན་ཤུགས་འོག་རྒྱ་གར་གྱིས་ཐོངས་ཆན་ཕྱིར་བསྡུ་བྱས་ཡོད་ཅིང་། སྐབས་དེར་རྒྱལ་སྤྱིའི་བརྒྱུད་ལམ་ཆེ་ཁག་རྒྱ་གར་གྱི་བང་ཆེན་ Indianexpress སོགས་ཀྱི་ཐོག་རྒྱ་ནག་གི་དམའ་འབེབས་འོག་མཱོ་དྷེས་ཀྱིས་རང་གིས་རང་ལ་ཆད་པ་བཅད་དེ། ང་ཚོར་ངོ་གནོངས་བཅུག་སོང་ཞེས་རྒྱ་གར་བ་ཚོས་ཆེད་རྩོམ་བྲིས་ནས་དགག་པ་བརྒྱབ་ཡོད་ཅིང་། སྐབས་དེར་ལྡོག་ཕྱོགས་ནས་ཁོང་དང་ཁོང་གི་འཐབ་རྩོད་ལ་རྒྱལ་ཁ་གཞན་ཞིག་ཐོབ་པ་ནི། དེ་ལྟར་རྒྱལ་སྤྱིའི་བརྒྱུད་ལམ་ཁག་གི་ཐོག་ཁོང་གི་ལས་དོན་དང་ཡུ་གུར་གྱི་འཐབ་རྩོད་སྐོར་ཁྱབ་བསྒྲགས་ཤུགས་ཆེན་འགྲོ་ཐུབ་ཡོད།

ཁོང་གིས་དེ་ལྟར་འཐབ་རྩོད་གནང་བ་ནི། ཟླ་ཤས་དང་ལོ་ཤས་མིན་པར་མི་ལོ་ཉི་ཤུ་ལྷག་འཐབ་རྩོད་རྒྱུན་འཆང་གནང་བས། རྒྱ་ནག་གིས་ཁོང་ལ་འཇིགས་སྣང་ཆེན་པོས་ཉེས་འཛུགས་དང་འགོག་སྡོམ་སྣ་ཚོགས་བྱེད་བཞིན་པ་ནི། ཁོ་རང་གི་འཇོན་ནུས་དང་གཟི་བརྗིད་ལོས་ཡིན།

ང་ཚོས་ཀྱང་ཁོང་གི་འཐབ་རྩོད་ཀྱི་ལོ་རྒྱུས་ལ་སློབ་སྦྱོང་བྱས་ཏེ། འགན་འཁྲིའི་དོན་དུ་རང་གིས་རང་ལ་སྐུལ་ལྕགས་གཏང་དགོས་པ་མང་པོ་འདུག་ཅིང་། ཁོང་ལྟ་བུ་ནི་ང་ཚོའི་སེམས་ཤུགས་འབྱུང་བའི་མིག་དཔེ་རུ་བལྟ་འོས་པ་མཆིས།

དེ་རིང་ཁོང་ནིའུ་ཡོག་ཏུ་ཕེབས་དོན་རྒྱལ་ཚོགས་སུ་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་གནད་དོན་ཞུ་བཏུགས་དང་། རྒྱལ་ཚོགས་སུ་ཨ་རི་དང་འཇར་མན་གཞུང་ཚབ་བཅས་ལ་མཇལ་མོལ་ཆེད་ཕེབས་པ་ཡིན་འདུག

བོད་རང་བཙན་སླར་གསོ་མ་བྱུང་བར་དུ་རྒྱ་ནག་དེ་བོད་ཀྱི་དགྲ་བོ་ལ་ངོས་འཛིན་དང་། བོད་རང་བཙན་སླར་གསོའི་སེམས་འདུན་འགྱུར་བ་མེད་པའི་ང་ཚོ་ལ་མཚོན་ན། དབང་འདུས་ལགས་ཀྱིས་གོ་སྒྲིག་འོག་མདང་དགོང་ང་ཚོ་ལྷན་འཛོམས་ཀྱི་གོ་སྐབས་དེ་ནི། འགན་འཁྲི་དང་དགའ་སྤོབས་འོས་པའི་དོན་ཆེན་ཞིག་ཡིན་འདོད།
སྤོ་ཆུང་ཚང་དོན་གྲུབ་ལྷ་དར་གྱིས་སྤྱི་ལོ ༢༠༡༨།༤།། །།

Share this:
༢༦༥ ཀློག་གྲངས།