སློབ་དཔོན་ཧོན་ཧྲང་ལའོ་ཡིས་བོད་རང་སྐྱོང་ལྗོངས་དེ་རྒྱ་ནག་དང་ཐ་དད་ཡིན་སྐོར་གསུངས་སོང་།

ཟླ་འདིའི་ཚེས་༢༡ ཉིན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག དྷ་ས་བོད་ཀྱི་གསོལ་མགྲོན་ཁང་དུ་ཧོང་ཀོང་གི་གཙུག་ལག་སློབ་གྲྭ་ཆེན་མོའི་སློབ་དཔོན་ཟུར་པ་དང་རྒྱ་ནག་གི་ལོ་རྒྱུས་ཉམས་ཞིབ་པ་ཧོན་ཧྲང་ལའོ་(Hon-Shiang Lau) ཡིས་རྒྱ་ནག་དང་བོད་ཀྱི་ལོ་རྒྱུས་ཐོག་གསུང་བཤད་གནང་ཡོད་པ་རེད།

སྐབས་དེར་ཁོང་གིས་གཙོ་བོ་༡༣༦༨ ནས་༡༦༤༤ བར་གྱི་རྒྱ་ནག་གི་མིང་རྒྱལ་རབས་དང་། ༡༦༤༤ ནས་༡༩༡༡ བར་ཆིང་རྒྱལ་རབས་སྐབས་ཀྱི་ཡིག་ཆ་ལུང་འདྲེན་གྱིས་༡༩༤༩ གོང་གི་རྒྱ་བོད་བར་གྱི་ལོ་རྒྱུས་སྐོར་གསུང་སྐབས། ཁོང་གིས་ད་ལྟ་རྒྱ་ནག་གཞུང་གིས་བོད་དེ་གནའ་རབས་ནས་རྒྱ་ནག་གི་ཆ་ཤས་ཡིན་ཟེར་གྱི་ཡོད་ན། གནའ་རབས་ལ་ངོས་འཛིན་ག་འདྲ་དགོས་སྐོར་དང་། མིང་རྒྱལ་རབས་དང་ཆིང་རྒྱལ་རབས་ནས་བརྒྱུད་༡༩༤༩ སྔོན་བར་དུ་བོད་དེ་རྒྱ་ནག་གི་ཆ་ཤས་ཡིན་པའི་ཡིག་ཆ་ཁ་གསལ་གང་ཡང་མེད་པ་དང་། དེ་ཡང་གཙོ་བོ་ད་ལྟའི་བོད་རང་སྐྱོང་ལྗོངས་དེ་བོད་ལ་ངོས་འཛིན་བྱས་ན་རྒྱ་ནག་དང་ཐ་དད་ཡིན་པ་ཁ་གསལ་ཡོད་སྐོར། ད་ལྟའི་བོད་རང་སྐྱོང་ལྗོངས་ཀྱི་ཕྱི་ལ་ཡོད་མཁན་ཚོའི་ལོ་རྒྱུས་མགོ་རྙོག་ཆེ་བ་ཡོད་སྐོར་ཡང་གསུངས་སོང་།

བོད་རང་སྐྱོང་ལྗོངས་དེ་རྒྱ་ནག་གིས་བོད་ལ་བཙན་འཛུལ་རྗེས་ནས་བྱུང་བ་ཞིག་ཡིན་པ་ལས། དེའི་སྔོན་བོད་ངོས་འཛིན་བྱེད་སྟངས་གཅིག་ལས་མེད་པས། ཁྱེད་རང་གིས་དེའི་ཕྱོགས་ནས་བོད་ངོས་འཛིན་བྱེད་སྟངས་ག་འདྲ་ཡིན་སྐོར་དྲིས་པར། ཁོང་གིས། བོད་རང་སྐྱོང་ལྗོངས་ཀྱི་འོག་མ་ཚུད་པའི་བོད་པ་ཚོ་རྒྱ་ནག་གི་ཆ་ཤས་རེད་ཟེར་གྱི་མེད་ཀྱང་། རང་སྐྱོང་ལྗོངས་དེ་རྒྱ་ནག་གི་ལོ་རྒྱུས་ཐོག་ནས་ཐ་དད་ཡིན་པ་ཁ་གསལ་ངོས་འཛིན་བྱེད་བདེ་བ་དང་། རྒྱལ་ཁབ་ངོས་འཛིན་བྱེད་སྟངས་ལ་ས་ཁྲ་རྙིང་པ། ལོ་རྒྱུས་ཡིག་ཆ། འབངས་ལ་ཁྲལ་བསྡུ་སྟངས་ཕྱོགས་གང་ཐད་ནས་བལྟས་ཀྱང་བོད་རང་སྐྱོང་ལྗོངས་དེ་རྒྱ་ནག་ལས་ཐ་དད་ཡིན་པ་མ་ཟད། མ་འོངས་པར་བོད་རང་བཙན་དང་རང་སྐྱོང་ག་རེ་བརྩད་ཀྱང་དེ་སྟབས་བདེ་བ་དང་། བོད་ངོས་འཛིན་བྱེད་བདེ་བ་ཡོད་སྐོར་གསུངས་སོང་།།

གསར་འགོད་པ་ཆོས་ཉིད་འོད་ཟེར།

Share this:
༣༤༣ ཀློག་གྲངས།