རིག་གནས་དང་རིག་གཞུང་།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༦༩༦  ཕྱི་ལོ་ ༢༠༡༨/༤ /༢༥

ཕྱི་ཟླ་༤ ཚེས་༢༠ ཉིན་བོད་ཀྱི་ཟློས་གར་དུ་ཞོ་སྟོན་དུས་ཆེན་དབུ་འཛུགས་གནང་སོང་བ་དང་། བཙན་བྱོལ་བོད་པའི་ས་གནས་ཁག་མང་པོ་ནས་ལྷ་མོའི་ཚོགས་པ་ཁག་དྷ་སར་འཛོམས་ནས་ལྷ་མོའི་འཁྲབ་གཞུང་གཟིགས་འབུལ་ཞུས་དང་ཞུ་བཞིན་ཡོད་འདུག བོད་ཀྱི་ཟློས་གར་ཚོགས་པ་ནི་བཙན་བྱོལ་ནང་གི་གཞུང་ཁོངས་རང་སྐྱོང་སྡེ་ཚན་རྙིང་ཤོས་གྲས་ཀྱི་གཅིག་ཡིན་པ་དང་། ད་བར་བོད་ཀྱི་སྲོལ་རྒྱུན་གཞས་སྣ་འཁྲབ་སྟོན་དང་། ལྷ་མོའི་འཁྲབ་གཞུང་ཁག་སོགས་བོད་པ་རང་གི་ཐུན་མོང་མ་ཡིན་པའི་སྒྱུ་རྩལ་ཁག་མི་ཉམས་རྒྱུན་འཛིན་གྱི་ཐོག་ནས་གྲུབ་འབྲས་རླབས་ཆེན་བཞག་ཡོད་ལ། གནས་སྟངས་འདིའི་ཐོག་ནས་བོད་ཕྱི་ནང་ཀུན་ལ་མིག་དཔེར་འོས་པ་ཞིག་ཏུ་གྱུར་ཡོད། དེ་ལྟར་ཡོང་བ་ཡང་ལས་སླ་པོ་ཞིག་གཏན་ནས་མིན་པར། བཙན་བྱོལ་བོད་མི་རྣམས་སྐད་ཡིག་དང་རིག་གནས་མི་གཅིག་པའི་སྤྱི་ཚོགས་ཤིག་ཏུ་ཐིམ་ནས་བསྡད་ཡོད་པ་དང་། དུས་ཚོད་ཀྱི་འགྱུར་ལྡོག་དང་བསྟུན་ནས་ན་གཞོན་ཚོའི་བསམ་བློ་དང་རིན་ཐང་གི་ལྟ་ཚུལ་ལའང་འགྱུར་བ་ཆེན་པོ་འགྲོ་བཞིན་པའི་དུས་ཚོད་ཅིག་ཏུ་གྱུར་ཡོད།

བོད་ནང་གི་སྲོལ་རྒྱུན་གཞས་སྣ་འཁྲབ་སྟོན་བྱས་པ་ཁག་ལ་རྒྱ་ནག་གི་ཤུགས་རྐྱེན་ཐེབས་པ་ཧ་ཅང་མང་བ་དང་། ལྷག་པར་དུ་རྒྱ་གཞུང་གིས་གོ་སྒྲིག་བྱས་པའི་འཁྲབ་སྟོན་གྱི་སྡིངས་ཆ་ཁག་ཏུ་ལུས་ཀྱི་སྟངས་སྟབས་དང་། གདོང་གི་རྣམ་འགྱུར། རོལ་དབྱངས་སོགས་ཚང་མ་རྒྱ་ནག་གི་རིག་གནས་ཀྱི་ཤན་ཤུགས་ཆེན་པོ་ཐེབས་བཅུག་ཡོད་པ་ནི། རྒྱ་དམར་དྲག་པོའི་གཞུང་གི་རིག་གནས་བཙན་རྒྱལ་རིང་ལུགས་ཀྱི་ཤུགས་རྐྱེན་ལ་བརྟེན་ནས་བྱུང་བ་རེད། དེ་བཞིན་སྤྱི་ཚོགས་ནང་གི་འཁྲབ་སྟོན་ཁག་ལའང་ཤུགས་རྐྱེན་དེ་རང་བཞིན་གྱིས་ཐེབས་ཡོད་ལ། འདས་པའི་མི་ལོ་དྲུག་ཅུའི་རིང་གི་བཙན་གནོན་དང་དེའི་ཁོར་ཡུག་གི་དབང་གིས། མི་རབས་གསར་པའི་བསམ་བློའི་ནང་བོད་ཀྱི་རིག་གནས་ཞེས་པ་དེ་ལྟ་བུ་ཡིན་པར་ངོས་འཛིན་བྱེད་བཞིན་མེད་དམ་སྙམ། རིག་རྩལ་འཁྲབ་སྟོན་ཞེས་པ་དེ་ཕྱིའི་གཟུགས་པོའི་རྣམ་འགྱུར་གཙོ་བོར་འཛིན་དགོས་པ་ཞིག་ཡིན་ནའང་། རྣམ་འགྱུར་དང་སྟངས་སྟབས་དེ་ཚོ་ཐུན་མོང་མ་ཡིན་པའི་རིག་གནས་ཀྱི་རྒྱབ་ལྗོངས་དང་ནང་གི་བསམ་བློའམ་རིག་པའི་རྩལ་ལ་བརྟེན་ནས་ཡོང་གི་ཡོད་པ་རེད།

རིག་རྩལ་འཁྲབ་སྟོན་ལ་བརྟེན་ནས་མི་རིགས་དེ་དང་སྤྱི་ཚོགས་དེའི་རིག་གནས་ཀྱི་རྒྱབ་ལྗོངས་དང་། བསམ་བློའི་རྒྱབ་ལྗོངས། ད་དུང་ཡུལ་ལུང་དེའི་མི་གཤིས་ཀྱི་ཟུར་ཙམ་ཡང་རང་བཞིན་གྱིས་མཐོང་ཐུབ་པ་ཞིག་དང་། ལྷག་པར་དུ་བོད་པའི་ཡུལ་ལུང་སོ་སོའི་སྲོལ་རྒྱུན་གྱི་བྲོ་བ་མ་ཉམས་པའི་འཁྲབ་སྟོན་ཁག་ལ་བལྟས་པ་ཙམ་གྱིས་ཡུལ་ལུང་དེ་དག་གི་མིའི་བསམ་བློའང་རགས་ཙམ་རྟོགས་ཐུབ་པ་ཞིག་རེད། དེར་བརྟེན་སྲོལ་རྒྱུན་རིག་གནས་ནི་ཡུལ་ལུང་སོ་སོའི་འདས་པའི་གནས་སྟངས་དང་བསམ་བློའི་རྒྱབ་ལྗོངས་ལ་ཞིབ་འཇུག་བྱེད་པའི་ལམ་ཁ་ཡག་ཤོས་ཤིག་ཡིན་པས། འཛམ་གླིང་ཤར་ནུབ་ཀྱི་ཡུལ་གྲུ་ཁག་ཏུ་མི་རིགས་དང་ཡུལ་ལུང་སོ་སོའི་སྲོལ་རྒྱུན་གྱི་རིག་གནས་གལ་ཆེན་པོར་འཛིན་བཞིན་ཡོད། བོད་ལ་མཚོན་ན་བོད་ས་རང་ནས་བྱུང་བའི་སྲོལ་རྒྱུན་རིག་གནས་དང་། ཡུལ་གྲུ་གཞན་ནས་ནང་འདྲེན་བྱས་པའི་བོད་པའི་སྲོལ་རྒྱུན་རིག་གནས་ཀྱིས་མཚོན་རིག་གནས་དང་རིག་གཞུང་ཧ་ཅང་ཕྱུག་པའི་མི་རིགས་ཤིག་ཏུ་གྱུར་ཡོད་པ་ནི། མེས་པོ་གོང་མ་རྣམས་ཀྱི་འཇོན་ཐང་དང་ནུས་པ་ལ་བརྟེན་ནས་བྱུང་ཡོད།

ད་ལྟའི་ཆར་སྲོལ་རྒྱུན་གྱི་རིག་གནས་ཧ་ཅང་ཉག་ཕྲ་རུ་འགྱུར་བཞིན་པའི་སྐབས་སུ་བོད་ཀྱི་ཟློས་གར་ཚོགས་པ་དང་། ས་གནས་དང་གཞིས་ཆགས་ཁག་གི་སྲོལ་རྒྱུན་གྱི་འཁྲབ་སྟོན་རྣམས་ནི་ཧ་ཅང་གལ་ཆེན་པོ་རུ་གྱུར་ཡོད། བོད་ནི་ས་ཆ་རྒྱ་ཆེ་བ་དང་མི་འབོར་ཉུང་བ། ལྷག་པར་དུ་བོད་སིལ་བུར་འཐོར་རྗེས་གཅིག་སྒྲིལ་གྱི་ནུས་པ་ཧ་ཅང་ཞན་པ་སོགས་ལ་བརྟེན། བོད་ས་སྟོད་སྨད་བར་གསུམ་གྱི་འབྲེལ་བའི་ཐོག་ནས་སྐབས་མཚམས་སོ་སོར་འཐུས་ཤོར་ཆེན་པོ་སོང་ཡོད་པ་དང་། དབུས་གཙང་ཁུལ་གྱི་ལྷ་མོའི་འཁྲབ་སྟོན་སོགས་ལ་བོད་ཀྱི་མཐའ་མཚམས་ཁག་ཏུ་སྡོད་མཁན་རྣམས་ཀྱིས་གོ་མི་ཐུབ་པ་དང་མྱོང་མི་ཐུབ་པའི་བྲོ་བའང་ཡོད་ལ། དེ་བཞིན་ཁམས་དང་ཨ་མདོའི་ས་ཁུལ་གྱི་རིག་རྩལ་འཁྲབ་སྟོན་ཁག་ལའང་དེ་མཚུངས་བཞིན་དབུས་གཙང་སོགས་ཀྱིས་གོ་མི་ཐུབ་པ་དང་མྱོང་མི་ཐུབ་པའི་བྲོ་བ་དམིགས་བསལ་བ་མང་པོ་ཡོད་མོད། དེ་དག་ཐམས་ཅད་བོད་རང་གི་ཐུན་མོང་མ་ཡིན་པའི་རིག་གནས་ཡིན་སྟབས་བོད་པ་ཚང་མས་རྒྱུན་འཛིན་དང་དར་སྤེལ། ཤེས་མྱོང་དང་རྟོག་ཞིབ་བྱེད་དགོས་པ་གལ་ཆེན་པོར་གྱུར་ཡོད།

མདོར་ན་བོད་ཀྱི་ཟློས་གར་ཚོགས་པས་ད་བར་མི་ལོ་དྲུག་ཅུ་ལ་ཉེ་བའི་རིང་བོད་ཀྱི་རིག་གནས་རྒྱུན་འཛིན་གནང་བར་བསྔགས་བརྗོད་འོས་པ་ཞིག་ཏུ་གྱུར་ཡོད་ལ། མ་འོངས་པར་ཡང་མི་རབས་གསར་པས་འདིའི་ཐོག་ལ་ཤུགས་རྒྱག་མ་ཐུབ་ན་རིག་གནས་གལ་ཆེན་པོ་འདི་དག་རིམ་པས་རྩ་བརླག་འགྲོ་ངེས་རེད། ད་ལན་འདིར་རིག་གནས་དང་རིག་རྩལ་རྒྱུན་འཛིན་ཞེས་བརྗོད་ཡོང་བའི་སྐབས་སུ་བཙན་བྱོལ་བོད་མི་མང་པོ་ཞིག་ལ་ཅུང་ཙམ་གསལ་ཁ་མེད་པ་ལྟ་བུ་ཡོད་སྲིད་ཀྱང་། དོན་དུ་རིག་གནས་ནི་ཤེས་བྱ་རིག་པ་སྣ་ཚོགས་པར་གོ་ཞིང་། རིག་གཞུང་ནི་རིག་གནས་དེ་དག་གི་རྣམ་གཞག་གསལ་བར་སྟོན་པའི་གཞུང་ལུགས་ལ་གོ་བས། དོན་དུ་ལྷ་མོའི་འཁྲབ་སྟོན་སོགས་ཀྱང་རིག་གནས་ཆུང་བ་ལྔའི་ནང་ཚན་ཟློས་གར་གྱི་ཁོངས་སུ་གཏོགས། དེར་བརྟེན་རིག་གནས་དང་རིག་གཞུང་གི་གོ་དོན་དེ་བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་གསལ་ཁ་མེད་པ་ལྟ་བུར་གྱུར་ཡོད་པ་དེ། ཧ་ཅང་གི་ཚབས་ཆེའི་ནོར་འཁྲུལ་ཞིག་མིན་ཡང་དོ་སྣང་ཅན་རྣམས་ཀྱིས་གནད་དོན་ཆུང་ངུ་འདིའི་རིགས་ལའང་རྟོག་ཞིབ་བྱེད་དགོས་པར་མཐོང་།།

Share this:
༣༢ ཀློག་གྲངས།