འབར་རྫས་དྲག་རྒོལ་ཁྲོད་གསར་འགོད་པ་༩ བསད་ཡོད་འདུག

ཨབ་གྷན་དུ་འཇིགས་སྐུལ་རིང་ལུགས་པས་འབར་རྫས་དྲག་རྒོལ་བྱས་ཏེ། མི་གྲངས་༢༥ བསད་ཡོད་འདུག་པ་དང་། དེའི་ཁོངས་སུ་གསར་འགོད་པ་༩ བསད་ཡོད་པ་རེད་འདུག

ཟླ་༤ པའི་ཚེས་༣༠ ཉིན་ཨབ་གྷ་ནི་སེ་ཐན་གྱི་རྒྱལ་ས་ཀ་བྷུལ་དུ། སྦག་སྦག་གཏོང་མཁན་རང་གཞན་གཉིས་ཕུང་གི་འཇིགས་སྐུལ་རིང་ལུགས་པ་ཞིག་གིས་འབར་རྫས་གཏོར་ནས་རང་སྲོག་བཅད་ཡོད་འདུག་པ་དང་། དེའི་རྗེས་ཀྱི་སྐར་མ་༡༥ ཙམ་ལ་དྲག་རྒོལ་གྱི་ས་གནས་དེར་གསར་འགོད་པ་དང་མྱུར་སྐྱོབ་ལས་བྱེད་མང་པོ་སླེབས་ཡོད་པ་དང་བསྟུན་ནས། གསར་འགོད་པ་ཡིན་མདོག་བྱེད་མཁན་རང་གཞན་གཉིས་ཕུང་གི་འཇིགས་སྐུལ་རིང་ལུགས་པ་ཞིག་གིས། འདུ་འཛོམས་བྱུང་བའི་མི་མང་ཁྲོད་དུ་འབར་རྫས་སྤར་ནས་རང་སྲོག་བཅད་ཡོད་འདུག འབར་རྫས་དྲག་རྒོལ་དེ་གཉིས་ཀྱིས། ཉུང་མཐར་མི་གྲངས་༢༥ བསད་ཡོད་འདུག་པ་དང་། མི་གྲངས་༤༥ ལ་རྨས་སྐྱོན་བཟོས་ཡོད་པ་རེད་འདུག ཚེ་སྲོག་ཤོར་མཁན་ཁྲོད་དུ་གསར་འགོད་པ་༩ ཡོད་པ་རེད་འདུག

འཇིགས་སྐུལ་རིང་ལུགས་པའི་ཚོགས་པ་ཨེ་སི་སིས། དྲག་རྒོལ་དེར་འགན་བླངས་ཡོད་ཁར། དྲག་རྒོལ་དེ་ནི་ཁུལ་དེར་ཡོད་པའི་གསང་བའི་ལས་ཁང་ཁག་ལ་དམིགས་པ་ཡིན་སྐོར་བསྒྲགས་ཡོད་འདུག

ཨབ་གྷན་ནང་དུ་འཇིགས་སྐུལ་རིང་ལུགས་པའི་ཚོགས་པ་ཨེ་སི་སི་དང་ཏ་ལི་བྷན་སོགས་ཀྱིས། དྲག་རྒོལ་བྱས་ནས་མི་གསོད་ཁྲག་སྦྱོར་གྱི་ལས་འགུལ་མུ་མཐུད་སྤེལ་བཞིན་ཡོད་པ་རེད།།

གསར་འགོད་པ་སྐལ་བཟང་དོན་གྲུབ།

Share this:
༩༩༦ ཀློག་གྲངས།