གྲུབ་དབང་པད་ནོར་རིན་པོ་ཆེའི་སྐུ་གདུང་མཆོད་རྟེན་རབ་གནས་ཀྱི་མཛད་སྒོ།

ཕྱི་ཟླ་༤ ཚེས་༢༩ ཉིན་སྔ་འགྱུར་བསྟན་པའི་གཙུག་རྒྱན་སྐུ་ཞི་བར་གཤེགས་པ་༧སྐྱབས་རྗེ་གྲུབ་དབང་པད་ནོར་རིན་པོ་ཆེའི་གདུང་རྟེན་གསེར་དངུལ་སོགས་རིན་པོ་ཆེའི་རིགས་ལས་གྲུབ་པའི་མཆོད་རྟེན་གསར་བཞེངས་ལེགས་གྲུབ་ཀྱི་མཛད་སྒོ་ཞིག རྒྱ་གར་ལྷོ་ཕྱོགས་སུ་ཡོད་པ་སྔ་འགྱུར་རྙིང་མ་པའི་གདན་ས་ཆེན་པོ་ཐེག་མཆོག་རྣམ་གྲོལ་བཤད་སྒྲུབ་དར་རྒྱས་གླིང་དུ་སྔ་འགྱུར་རྒྱལ་བ་དཔལ་ཡུལ་བའི་བསྟན་པའི་མངའ་བདག་༧སྐྱབས་རྗེ་ཀརྨ་སྐུ་ཆེན་རིན་པོ་ཆེ་དབུ་བཞུགས་མཛད་ནས་འཚོགས་ཡོད་པ་རེད།

དེ་ཡང་སྔ་འགྱུར་རྙིང་མ་པའི་གདན་ས་ཆེན་པོ་རྣམ་གྲོལ་གླིང་གི་དབུ་འཛིན་མཆོག་སྤྲུལ་རྨུགས་སངས་སྐུ་ཆེན་རིན་པོ་ཆེས་གསར་བཞེངས་ཞུས་པ། སྔ་འགྱུར་རྙིང་མ་པའི་དབུ་འཛིན་ཁྲི་རབས་གསུམ་པ་༧སྐྱབས་རྗེ་གྲུབ་དབང་པད་ནོར་རིན་པོ་ཆེའི་སྐུ་གདུང་རིན་པོ་ཆེ་དེ་ཉིད་དབུ་འབྱེད་ཀྱི་མཛད་སྒོའི་སྔོན་འགྲོའི་ཆེད་དུ་ཕྱི་ཟླ་༤ པའི་ཚེས་༢༨ ཉིན་གྱི་ཞོགས་པ་ཆུ་ཚོད་༧།༣༠ རྣམ་གླིང་ཟངས་མདོག་དཔལ་རིའི་གཙུག་ལག་ཁང་དུ་༧སྐྱབས་རྗེ་ཀརྨ་སྐུ་ཆེན་རིན་པོ་ཆེ་དབུ་བཞུགས་ཐོག དགེ་འདུན་འདུས་མང་ཡོངས་ནས་རིག་འཛིན་འདུས་པའི་ཆོ་གའི་སྒོ་ནས་སྐུ་གདུང་མཆོད་རྟེན་རིན་པོ་ཆེར་རབ་གནས་ཀྱི་མཛད་སྒོ་ཞིག་འཚོགས་ཡོད་པ་རེད།

ཕྱི་ཚེས་༢༩ ཉིན་གྱི་ཞོགས་པ་ཆུ་ཚོད་༨ ཐོག་ཟངས་མདོག་དཔལ་རིའི་ཕོ་བྲང་དུ་༧སྐྱབས་རྗེ་ཀརྨ་སྐུ་ཆེན་རིན་པོ་ཆེ་དབུ་བཞུགས་ཐོག རྣམ་གླིང་དབུ་འཛིན་མཆོག་སྤྲུལ་གྱང་ཁང་རིན་པོ་ཆེ་དང་། རྣམ་གླིང་དབུ་འཛིན་མཆོག་སྤྲུལ་རྨུགས་སངས་སྐུ་ཆེན་རིན་པོ་ཆེ་རྣམ་གཉིས་ཀྱིས་དབུས་བླ་སྤྲུལ་རྣམ་པ། མཁན་ཆེན་ཚེ་དབང་རྒྱ་མཚོ་མཆོག་གིས་དབུས་མཁན་པོ་དང་སློབ་དཔོན་རྣམ་པ། བལ་ཡུལ་གྱི་བློན་ཆེན་དང་གྲོས་ཚོགས་འཐུས་མི་ཟུར་པ་མཁན་པོ་འཆི་མེད་ཚེ་རིང་། བཙན་བྱོལ་བོད་གཞུང་གི་ཆོས་རིག་བཀའ་ཟུར་ཚེ་རིང་ཕུན་ཚོགས་དང་། ནང་སྲིད་བཀའ་ཟུར་རྒྱ་རི་སྒྲོལ་མ། སྤྱི་འཐུས་ལས་ཐོག་དང་སྤྱི་ཟུར། ནང་སྲིད་དྲུང་ཆེ་དང་། ལྷོ་སྤྱི། ས་གནས་འགོ་འཛིན་རྣམ་པ་བཅས་སྐུ་མགྲོན་རྣམས་བཞུགས་གྲལ་དུ་འཁོད་མཚམས། འདུས་སྡེ་ཡོངས་ནས་བཀྲ་ཤིས་བརྒྱད་པ་གསུངས་རྗེས། རྣམ་གླིང་དྲུང་ཆེ་སློབ་དཔོན་ཟླ་བ་ཚེ་རིང་གིས་མཛད་རིམ་སྙན་སྒྲོན་དང་། རྣམ་གླིང་དབུ་འཛིན་མཆོག་སྤྲུལ་གྱང་ཁང་རིན་པོ་ཆེས་མཛད་སྒོ་དང་འབྲེལ་བའི་འཚམ་འདྲིའི་གསུང་བཤད་གནང་། མཁན་ཆེན་ཚེ་དབང་རྒྱ་མཚོ་རིན་པོ་ཆེས་སྐུ་གདུང་མཆོད་རྟེན་མཛད་སྒོ་དང་འབྲེལ་བའི་གསུང་བཤད་དབྱིན་སྐད་ཀྱི་ཐོག་ནས་གནང་རྗེས།

འདུས་མང་ཡོངས་ནས་ཡན་ལག་བདུན་པ་དང་འབྲེལ་མཎྜལ་ཕུལ་ནས་བླ་ཆེན་ཁག་དང་སྐུ་མགྲོན་ཆེ་ཁག་རྣམས་ནས་སྐྱབས་རྗེ་རིན་པོ་ཆེའི་རིང་བསྲེལ་སྙིང་པོ་ཅན་གྱི་མཆོད་རྟེན་ལ་མཇལ་དར་ཕུལ་ཞིང་། མཐར་བསྟན་རྒྱས་སྨོན་ལམ་དང་། བཀྲ་ཤིས་སྨོན་ཚིག་དང་བཅས་མཛད་རིམ་ལེགས་པར་གྲུབ་ཡོད་པ་རེད།

ཉིན་དེའི་ཕྱི་དྲོ་ཆུ་ཚོད་༢ པའི་ཐོག་རྣམ་གླིང་གཙུག་ལག་ཁང་ཆེན་མོ་ཨོ་རྒྱན་མདོ་སྔགས་བཤད་སྒྲུབ་འོད་གསལ་དར་རྒྱས་གླིང་དུ་༧སྐྱབས་རྗེ་ཀརྨ་སྐུ་ཆེན་རིན་པོ་ཆེ་མཆོག་གིས་སྔ་འགྱུར་མཐོ་སློབ་ཆེན་མོ་མདོ་སྔགས་རིག་པའི་འབྱུང་གནས་གླིང་གི་བསླབ་པ་མཐར་སོན་པ་རྣམས་ལ་ངེས་གསང་ལེགས་བཤད་མཛོད་འཆང་དང་། ལོ་རིམ་དྲུག་པ་མཐར་སོན་པ་རྣམས་ལ་ཕར་ཕྱིན་རབ་འབྱམས་པ། ལོ་རིམ་བཞི་པ་མཐར་སོན་པ་རྣམས་ལ་མཐའ་བྲལ་སྨྲ་བའི་དབང་ཕྱུག་བཅས་ཀྱི་ཕྱག་འཁྱེར་གནང་བའི་མཛད་སྒོ་ཞིག་ཀྱང་འཚོགས་ཡོད་པ་རེད།

ཕྱི་ཟླ་༤ ཚེས་༣༠ ཉིན་སྔ་དྲོ་༧སྐྱབས་རྗེ་ཀརྨ་སྐུ་ཆེན་རིན་པོ་ཆེ་མཆོག་ནས་ཐེག་མཆོག་རྣམ་གྲོལ་བཤད་སྒྲུབ་དར་རྒྱས་གླིང་གི་མཁན་པོ་དང་། སྤྲུལ་སྐུ། རྡོ་རྗེ་སློབ་དཔོན་བཅས་གསར་བསྐོ་ཁྲི་འདོན་མངའ་གསོལ་མཛད་རྒྱུ་དང་། ཉིན་རྒྱབ་ཀརྨ་སྐུ་ཆེ་རིན་པོ་ཆེ་མཆོག་གིས་སེར་སྐྱ་མི་མང་ཡོངས་ལ་ཚེ་དབང་དང་། འདུས་ཚོགས་ཡོངས་ནས་མགོན་པོ་གང་ཉིད་ལ་བཀའ་དྲིན་རྗེས་དྲན་གྱི་གཏང་རག་འབུལ་རྒྱུ། ཕྱི་༥ ཚེས་༡ ཉིན་རྒྱབ་༧སྐྱབས་རྗེ་ཀརྨ་སྐུ་ཆེན་རིན་པོ་ཆེ་མཆོག་གིས་སྒྱུ་འཕྲུལ་ཞི་ཁྲོའི་བཀའ་དབང་གི་སྟ་གོན་དངོས་གཞི་གནང་རྒྱུ་སོགས་ཀྱི་མཛད་རིམ་ཡང་ཡོད་འདུག།།

Share this:
༦༠༩ ཀློག་གྲངས།