བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་ལྷན་ཚོགས།

ཟླ་འདིའི་ཚེས་༡ ཉིན་དྷ་སར་རྟེན་གཞི་བྱས་པའི་ཨེ་ཤི་ཡ་འཕྲོད་བསྟེན་ཉམས་གསོ་ཁང་(Asia health Resort) གསོལ་མགྲོན་ཁང་གི་ཚོགས་ཁང་དུ་སྲིད་སྐྱོང་བློ་བཟང་སེང་གེ་དབུ་བཞུགས་ཐོག་བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་ལྷན་ཚོགས་ཐེངས་སུམ་ཅུ་པ་འཚོག་བཞིན་ཡོད་པ་རེད།
དེ་ཡང་ཕྱི་ཚེས་ ༡ ནས་ ༣ བར་ཉིན་གྲངས་གསུམ་རིང་གི་ལྷན་ཚོགས་སྐབས་གཙོ་བོ་རྒྱལ་སྤྱི་དང་། ལྷག་པར་རྒྱ་ནག་ནང་གི་ཆབ་སྲིད་འགྱུར་འགྲོས་ཀྱི་གནས་སྟངས། དེ་བཞིན་བོད་རྒྱ་གཉིས་ཀྱི་གནས་སྟངས་སོགས་ལ་གཞིགས་ཏེ་འབྱུང་འགྱུར་རྒྱ་ནག་གི་འགོ་ཁྲིད་དང་ལྷན་འབྲེལ་མོལ་བསྐྱར་གསོ་ཇི་ལྟར་དགོས་པའི་གནད་དོན་སོགས་ཀྱི་སྐོར་བགྲོ་གླེང་གནང་རྒྱུ་ཡིན་པ་རེད།
བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གསར་འཛུགས་གནང་དགོས་དོན་ནི། འཚེ་མེད་ཞི་བ་དང་གྲོས་མོལ་གྱི་ལམ་ནས་བོད་ཀྱི་གནད་དོན་དེ་བོད་རྒྱ་མི་རིགས་ཕྱོགས་གཉིས་ཀྱི་མོས་མཐུན་ཐོག་ནས་གསལ་ཐབས་ཀྱི་ཐབས་ལམ་འཚོལ་རྒྱུའི་སྲིད་བྱུས་ཐོག་རོགས་ཕན་ཡོང་ཆེད་ཡིན་པའི་གནས་ཚུལ་བོད་གཞུང་དྲ་གནས་ཐོག་གནས་ཚུལ་སྤེལ་ཡོད་པ་རེད།

བཙན་བྱོལ་བོད་གཞུང་ངོས་ནས་བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གསར་འཛུགས་བྱས་ཏེ། རྒྱ་ནག་མཉམ་དུ་དབུ་མའི་ལམ་གྱི་སྲིད་ཇུས་བརྒྱུད་ཞི་མོལ་ཡོང་ཐབས་བྱས་པ་དང་། ༢༠༠༨ ༧གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་བརྒྱུད་རྒྱ་ནག་གཞུང་མི་རིགས་ས་གནས་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཆ་ཞིག་སྤྲད་ཡོད་ནའང་། ༢༠༡༠ ལོ་ནས་བོད་རྒྱ་ཞི་མོལ་གྱི་ལས་རིམ་མཚམས་ཆད་ཡོད་པ་རེད།

ཕྱི་འབྲེལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུས། ཐེངས་འདིའི་ཚོགས་འདུ་དེ་གཙོ་བོ་རྒྱལ་སྤྱིའི་ཆབ་སྲིད་ཀྱི་འགྱུར་ཕྱོགས་དང་། ད་ལྟ་རྒྱལ་སྤྱིའི་འགྱུར་བ་དང་ཨ་རི་དང་། ལྷོ་བྱང་ཀོ་རི་ཡ། རྒྱ་དཀར་ནག་བཅས་ཀྱི་འགྱུར་འགྲོས་དང་བསྟུན་བོད་དོན་གྱི་འགྱུར་བའི་སྐོར་ཡིན་སྐོར་གསུངས་སོང་། དེ་བཞིན་ཕྱི་འབྲེལ་དྲུང་ཆེས། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ནས་འཚེ་མེད་ཞི་བ་གཞིར་བཞག་ཞི་མོལ་ཡོང་ཐབས་ཀྱི་སྲིད་ཇུས་ལ་འགྱུར་བ་གང་ཡང་སོང་མེད་སྐོར་དང་། འཚེ་མེད་ཞི་བ་བརྒྱུད་ནས། ཞི་མོལ་ཡོང་ཐབས་སུ་རྒྱལ་སྤྱིའི་ཐོག་རྒྱབ་སྐྱོར་དང་། རྒྱ་ནག་དང་འབྲེལ་བའི་ཡོད་པའི་རྒྱལ་ཁབ་ནས་འབྲེལ་ཡོང་ཐབས་སོགས་ཐབས་ཇུས་འདྲ་མིན་འཚོལ་གྱི་ཡོད་སྐོར་དང་། ཐབས་ཇུས་དང་པོ་ཐད་ཀར་འབྲེལ་བ་དང་། གཉིས་པ་དེ་བརྒྱུད་ནས་ཡིན་སྐོར་གསུངས་འདུག །

གསར་འགོད་པ་ཆོས་ཉིད་འོད་ཟེར།

Share this:
༧༦༠ ཀློག་གྲངས།