ཤེས་རིག་ཐ་སྙད་ཚན་པའི་ཐ་སྙད་འཚོལ་བཤེར་གྱི་དྲ་ཚིགས་གསར་པ་དབུ་འབྱེད།

ཟླ་འདིའི་ཚེས་༡ ཉིན་གྱི་སྔ་དྲོ་དྷ་ས་གངས་སྐྱིད་གཉའ་ཁྲི་ཚོགས་ཁང་དུ། བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་ཐ་སྙད་ཚན་པས་བཏོན་པའི་དབྱིན་བོད་ཤན་སྦྱར་གཏན་འབེབས་བརྡ་ཆད་དེབ་ཕྲེང་༡༡ པ་དང་། ཐ་སྙད་གསར་པ་འཚོལ་བཤེར་གྱི་དྲ་ཚིགས་གཅིག་བཅས་ཤེས་རིག་བཀའ་བློན་པདྨ་དབྱངས་ཅན་གྱིས་དབུ་འབྱེད་གནང་སོང་།

དེ་ཡང་མཛད་སྒོའི་ཐོག་མར་ཤེས་རིག་ཐ་སྙད་གཏན་འབེབས་ཚན་པའི་འགན་འཛིན་ཨོ་རྒྱན་བསྟན་འཛིན་གྱིས་ཐ་སྙད་ཀྱི་གལ་གནད་དང་ཐ་སྙད་གཏན་འབེབས་ཚན་པའི་བྱུང་རིམ་དང་འབྲེལ་ནས་གསུང་དོན་དུ། བོད་ཀྱི་སྐད་ཡིག་ནི་བོད་པའི་རིག་གནས་ཐམས་ཅད་ཀྱི་རྟེན་གཞི་ཡིན་པ་དང་། གཞིས་ལུས་རྒྱ་ཆེའི་མི་མང་གིས་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཀྱི་ཆེད་དུ་རང་སྲོག་བློས་གཏོང་སོགས་ཀྱི་སྒོ་ནས་འབད་བརྩོན་བྱེད་བཞིན་ཡོད་པ། བར་སྐབས་ནས་༧གོང་ས་མཆོག་གིས་ཀྱང་བོད་པའི་སྐད་ཡིག་གཙོས་པའི་ཐུན་མིན་ཆོས་དང་རིག་གཞུང་ཕྱུག་ཐག་ཆོད་ཡོད་པ་རྣམས་མི་ཉམས་རྒྱུན་འཛིན་གྱི་ཐོག དེང་དུས་ཀྱི་ཤེས་ཡོན་ཚན་རིག་དང་། སྨན། རྩིས། འཕྲུལ་ཆས་སོགས་ཀྱི་སྐོར་ལ་སྟོང་ཆ་ཡོད་པ་རྣམས་ཐ་སྙད་སྒྱུར་བ་སོགས་ཀྱི་སྒོ་ནས་ང་རང་ཚོའི་རིག་གཞུང་དུ་ནང་འདྲེན་བྱ་དགོས་སྐོར་བཀའ་ཕེབས་ཡོད་པ་བཞིན། བཀའ་ཤག་སྐབས་༡༣ པའི་སྐབས་ཁྲི་ཟུར་ཟམ་གདོང་རིན་པོ་ཆེས་བོད་པའི་སྤྱི་ཚོགས་ནང་ཐ་སྙད་གཅིག་གྱུར་དགོས་རྒྱུ་དེ་གནད་འགག་ཆེན་པོར་གཟིགས་ནས་ཕྱི་ལོ་༢༠༠༦ ནས་བཟུང་ཤེས་རིག་ཐ་སྙད་ཚན་པ་འགོ་བཙུགས་ནས་ད་བར་དེའི་ཐོག་འབད་བརྩོན་གྱིས་དེབ་ཕྲེང་༡༡ བཏོན་ཡོད་པ་མ་ཟད། སློབ་གྲྭ་ཁག་༡༣ ལྷག་གི་ནང་དེའི་སྐོར་ངོ་སྤྲོད་ཟབ་སྦྱོང་སྤེལ་ཡོད་སྐོར་དང་། ཐ་སྙད་གསར་པ་གཏན་འབེབས་བྱེད་སྐབས་ཀྱི་དཔྱད་གཞིའི་ཡིག་ཆ་ནི། བོད་དབྱིན་གྱི་ཚིག་མཛོད་ཁག་དང་། བོད་རང་ལ་སྔོན་མ་ནས་ཡོད་པའི་ཐ་སྙད་རྙིང་པ་ཁག བོད་ནང་ནས་གཏན་འབེབས་བྱས་པའི་དབྱིན་བོད་ཤན་སྦྱར་གྱི་ཚིག་མཛོད་དང་། ཐ་སྙད་གསར་པ་བཅས་ཡིན་སྐོར་གསུངས་སོང་།

དེ་བཞིན་ཁོང་གིས་བོད་ནང་ནས་ཐ་སྙད་གསར་བཟོ་བྱེད་བཞིན་ཡོད་པ་དེ་དང་འབྲེལ་ནས་གསུང་དོན་དུ། བོད་ནས་དབྱིན་ཡིག་(Insurance) ཞེས་པའི་ཐ་སྙད་འདི་འགན་བཅོལ་ཞེས་པར་སྒྱུར་ཡོད་པ་དང་། འདི་ནས་ཉེན་སྲུང་ཟེར་གྲགས་ཀྱི་ཡོད་ཀྱང་། བོད་ནས་སྒྱུར་བ་དེ་ཡང་ཡག་པོར་མཐོང་ནས། འགན་བཅོལ་དང་ཉེན་སྲུང་གཉིས་ཀ་དོན་གཅིག་མིང་གི་རྣམས་གྲངས་སུ་བཞག་པས་མཚོན་པའི་བོད་ནས་སྒྱུར་བའི་ཐ་སྙད་ཡག་པོ་མཐོང་བ་རྣམས་ཐ་སྙད་ཚན་པས་གཏན་འབེབས་བྱས་པའི་ནང་རང་སོར་གང་ཐུབ་ཅི་ཐུབ་ཀྱིས་བཞག་གི་ཡོད་པ་དང་། གཞན་ཡང་བོད་ནས་དབྱིན་ཡིག་གི་ཐ་སྙད་(Tution) སློབ་ཡོན་ཞེས་པར་བསྒྱུར་ཡོད་ཀྱང་། འདི་ནས་ཟུར་ཁྲིད་ཞེས་པར་བསྒྱུར་ཡོད་པ་དང་། དབྱིན་ཡིག་(Tution Fees) ཞེས་པ་དེ་སློབ་ཡོན་དུ་བསྒྱུར་ཡོད་པས་མཚོན་པའི་བོད་ནང་ནས་བསྒྱུར་ཚད་ཐམས་ཅད་རང་སོར་བཞག་ཐུབ་ཐབས་མེད་སྐོར་དང་། མ་གཞི་བོད་ནང་ནས་སྒྱུར་བ་རྣམས་ཐོག་མར་དབྱིན་ཡིག་ནས་རྒྱ་ཡིག་ཏུ་བསྒྱུར། དེ་ནས་བོད་ཡིག་ཏུ་བསྒྱུར་བ་ཞིག་ཡིན་ཡང་། འདི་ནས་ཐད་ཀར་དབྱིན་ཡིག་ནས་སྒྱུར་བཞིན་ཡོད་སྐོར་དང་། སྒྱུར་བའི་སྐབས་སུ་གཞན་གྱི་དགོངས་འཆར་ལ་ཉན་ནས་ལེགས་ཆ་ལེན་གྱི་ཡོད་སྐོར་སོགས་ཞིབ་ཕྲ་གསུངས་སོང་།

དེ་རྗེས་ཤེས་རིག་བཀའ་བློན་པདྨ་དབྱངས་ཅན་གྱིས་ཐ་སྙད་ཀྱི་དྲ་ཚིགས་གསར་པ་དང་། དབྱིན་བོད་ཤན་སྦྱར་གཏན་འབེབས་བརྡ་ཆད་དེབ་ཕྲེང་༡༡ པ་དབུ་འབྱེད་གྲུབ་མཚམས་མཛད་སྒོ་དང་ཐ་སྙད་གཏན་འབེབས་ཚན་པའི་ནང་ལས་ཀ་བྱེད་མཁན་དང་དྲ་ཚིགས་བཟོ་སྐྲུན་པ་བཅས་ལ་ཐུགས་རྗེ་ཆེ་ཞུ་དང་སྦྲགས་གསུང་དོན་དུ་“ང་རང་ཚོའི་བོད་སྐད་ནང་ལ་ཐ་སྙད་མང་པོ་སྔོན་ནས་ཡོད་རེད། ཡིན་ན་ཡང་། ང་ཚོ་བཙན་བྱོལ་ནས་ཉིན་རེ་ཉིན་རེར་བཀའ་མོལ་གནང་བའི་སྐབས་སུ་ལྷོད་གཡེང་ཤོར་ནས་ཡིན་ན་རེད། སྤྱི་ཚོགས་ཀྱི་འགྲོ་སྟངས་་ལ་བརྟེན་ནས་ཐ་སྙད་མང་པོ་ཞིག་ཡོད་ན་ཡང་ང་ཚོས་བེད་སྤྱོད་མ་བྱས་པ་དང་། བསྲེས་ནས་བེད་སྤྱོད་བྱེད་པ་སོགས་དེ་འདྲ་མང་པོ་ཞིག་གནང་གི་ཡོད་རེད། དེ་གཅིག་རེད། ཡང་གཅིག་ག་རེ་ཆགས་ཡོད་རེད་ཟེར་ན། ང་རང་ཚོའི་སྤྱི་ཚོགས་ཀྱི་ཁོར་ཡུག་དང་འཚོ་བ་རོལ་སྟངས། སློབ་སྦྱོང་གི་ཁ་ཕྱོགས་བཅས་ལ་ལྟོས་ནས་དམིགས་བསལ་འཕྲུལ་ཆས་དང་། ཚན་རིག་དང་འབྲེལ་བའི་ཐ་སྙད་མང་པོ་ཞིག་ཡོད་མ་རེད། དེར་བརྟེན་དེ་འདྲའི་ཐ་སྙད་རྣམས་ཚང་མས་བེད་སྤྱོད་བྱེད་ཐུབ་པ་ཡོང་ཐབས་སུ་ཐ་སྙད་ཚན་པ་བརྒྱུད་ནས་གཏན་འབེབས་གནང་གི་ཡོད་རེད། དེའི་ཐོག་བོད་པ་མི་རེ་ངོ་རེར་འགན་ག་རེ་ཡོད་རེད་ཟེར་ན། ཐ་སྙད་གཏན་འབེབས་བྱས་པ་གཅིག་པུ་མིན་པར་ཉིན་རེ་ཉིན་རེའི་འཚོ་བའི་ནང་བེད་སྤྱོད་བྱེད་ཐུབ་པ་བྱ་རྒྱུ་དེ་ང་རང་ཚོའི་འགན་ཆགས་ཀྱི་ཡོད་རེད་ལ། རིམ་བཞིན་ང་ཚོའི་ཐ་སྙད་ཇེ་ཕྱུག་བཟོ་དགོས་པ་ཆགས་ཀྱི་ཡོད་རེད། སྤྱིར་བཏང་འཛམ་གླིང་ནས་སྐད་ཡིག་ཆེད་མཁས་པ་དང་ཉམས་ཞིབ་པ་རྣམས་ཀྱིས་ག་རེ་གསུང་གི་འདུག་ཟེར་ན། འཛམ་གླིང་ནང་ད་ལྟ་གནས་བཞིན་པའི་སྐད་ཡིག་ཕལ་ཆེར་༧༠༠༠ ཙམ་ཡོད་ས་རེད། དེའི་ནང་ནས་ཕྱེད་ཀ་ཙམ་ལ་མ་གཏོགས་བྲིས་གཟུགས་ཡོད་ས་མ་རེད།ང་རང་ཚོ་བོད་པའི་སྐད་དེ་གཉིས་ཀ་ཡོད་པ་ཞིག་ཡིན་པ་མ་ཟད། བོད་པའི་ཆོས་རིག་གཞུང་གནས་དང་མ་གནས་ཟེར་བ་དེ་ང་ཚོའི་སྐད་ཡིག་ལ་ཐུག་ཡོད་རེད། དེ་ཚང་མས་མཁྱེན་གསལ་རེད། དེ་འདྲ་ཡིན་དུས་ང་ཚོ་མི་རེ་ངོ་རེ་ནས་ཐ་སྙད་གང་ཡོད་པ་རྣམས་བེད་སྤྱོད་ཡག་པོ་བྱེད་པ་དང་། སྐུ་ལས་བསྐྱོན་ནས་ཐ་སྙད་གསར་པ་མང་པོ་ཞིག་གཏན་འབེབས་བྱས་པ་རྣམས་བེད་སྤྱོད་ཡག་པོ་གཏོང་ཐབས་སུ་ཁྱབ་སྤེལ་བྱེད་རྒྱུར་ང་རང་ཚོས་འབད་བརྩོན་བྱེད་དགོས་ཀྱི་འདུག”ཅེས་དང་། ཐ་སྙད་གསར་བཟོའི་ཐོག་དགོངས་ཚུལ་གསུང་མཁན་ཡོད་ན་དགའ་བསུ་ཡོད་སྐོར་བཅས་གསུངས་སོང་།།

གསར་འགོད་པ་བཀྲ་ཤིས་དོན་གྲུབ།

Share this:
༨༦༦ ཀློག་གྲངས།