༧གོང་ས་མཆོག་གི་བཀའ་སློབ་ལས་སེམས་འགུལ་ཐེབས་པའི་རྒྱ་གར་གྱི་འཁྲབ་སྟོན་མ།

ཟླ་འདིའི་ཕྱི་ཚེས་༡ ཉིན་རྒྱ་གར་གྱི་བརྒྱུད་ལམ་ཁག་ཅིག་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་གར་གྱི་འཁྲབ་སྟོན་མ་ཨ་ནུ་ཤཱི་ཀ་ཤར་མས་༧གོང་ས་མཆོག་གི་བཀའ་སློབ་ལས་མོ་རང་ལ་སེམས་འགུལ་ཐེབས་ཏེ། རྒྱ་གར་མུམ་བྷེ་གྲོང་ཁྱེར་གྱི་ཕྱི་རོལ་དུ་དུད་འགྲོའི་གཅེས་སྐྱོང་ཁང་ཞིག་འཛུག་རྒྱུ་ཡིན་པ་བསྒྲགས་ཡོད་འདུག་ཅིང་། དེ་ནི་མོ་རང་ལོ་༣༠ ལ་སོན་པའི་སྐྱེས་སྐར་ཉིན་མོ་དང་སྟབས་བསྟུན་ནས་འཛུགས་སྐྲུན་བྱ་རྒྱུ་ཡིན་སྐོར་བརྗོད་འདུག

༧གོང་ས་མཆོག་གི་བཀའ་སློབ་ལས་མོ་རང་ལ་སེམས་འགུལ་ཐེབས་པའི་སྐོར་ལ་མོས་“ཏཱ་ལའི་བླ་མ་རིན་པོ་ཆེའི་བཀའ་སློབ་ཀྱིས་ངའི་སེམས་གཏིང་ལ་གཡོ་འགུལ་ཞིག་བཏང་བྱུང་། ཁོང་གི་བཀའ་སློབ་དེ་དག་ལ་ཉན་ནས་བཟུང་ད་བར་དེ་དག་ངའི་བསམ་བློའི་ནང་མེད་པ་གཏན་ནས་ཆགས་མ་སོང་། བཀའ་སློབ་དེས་ངའི་སེམས་ཀྱི་ཟབ་ས་རུ་བསམ་བློ་ཞིག་གི་སྒོ་མོ་ཕྱེས་ཏེ། དུད་འགྲོ་སེམས་ཅན་གྱི་བདེ་དོན་གྱི་ཆེད་དུ་བྱ་བ་སྒྲུབ་རྒྱུའི་རང་ཉིད་ཀྱི་བསམ་བློ་དེའི་ཐོག་དངོས་སུ་ལས་ཀ་བྱེད་རྒྱུ་དང་། འཛམ་གླིང་འདི་ཁོང་ཚོར་སྔར་ལས་བཟང་བ་ཞིག་བཟོ་རྒྱུའི་ཐོག་འབད་བརྩོན་བྱེད་རྒྱུའི་ཡར་སྐུལ་ཐེབས་སོང་།”ཞེས་བརྗོད་ཡོད་འདུག

དེ་བཞིན་མོས་“ཏཱ་ལའི་བླ་མ་རིན་པོ་ཆེས། མི་ཞིག་གི་ཚེ་སྲོག་དེ་མི་སོ་སོར་རྩ་ཆེན་པོ་ཇི་ལྟར་ཡིན་པ་དེ་ལྟར་འབུ་སྲིན་ཆུང་ཆུང་ཞིག་ལ་ཡང་ཁོ་རང་ཚོའི་ཚེ་སྲོག་རྩ་ཆེན་པོ་རེད། མི་གཅིག་གིས་བདེ་བ་འདོད་པ་དང་། ན་ཟུག་ལ་ཞེད་པ། འཚོ་འདོད་ཅིང་འཆི་མི་འདོད་པ་བཞིན། སེམས་ཅན་གཞན་རྣམས་ཀྱང་དེ་དང་གཅིག་མཚུངས་རེད་ཅེས་གསུངས་སོང་། ང་རང་གི་སྐྱེས་སྐར་དང་སྟབས་བསྟུན་ནས། ང་ཚོ་དང་འདྲ་བའི་སྲོག་ལྡན་སེམས་ཅན་ལ་ཐོབ་ཐང་འདྲ་མཉམ་དང་། བྱམས་སྐྱོང་འདྲ་མཉམ། བརྩེ་བ་འདྲ་མཉམ་བཅས་སྤྲོད་རྒྱུ་འགོ་འཛུགས་བྱ་རྒྱུ་ཡིན་”ཞེས་བརྗོད་ཡོད་འདུག

ཡང་མོས་ང་ཚོ་འགྲོ་བ་མིའི་རིགས་ནི་སེམས་ལྡན་སྟོབས་ཤུགས་ཆེ་ཤོས་དེ་ཡིན་པའི་ཆ་ནས། ནུས་པ་དེ་ཙམ་མེད་པའི་སེམས་ཅན་རྣམས་ཀྱི་བདེ་དོན་ལ་བལྟ་རྒྱུའི་འགན་དེ་ང་ཚོའི་སྒང་ལ་ཡོད་སྐོར་དང་། ང་ཚོའི་མཐའ་འཁོར་ན་ཡོད་པའི་ནུས་མེད་ཀྱི་སེམས་ཅན་རྣམས་ལ་བྱམས་སྐྱོང་དང་། བརྩེ་བ། སྲུང་སྐྱོང་། གཉོར་སྐྱོང་བྱས་ནས་འཆམ་མཐུན་ངང་གནས་དགོས་སྐོར་སོགས་བརྗོད་ཡོད་འདུག

ཨ་ནུ་ཤཱི་ཀ་ཤར་མ་(Anushka Sharma) ནི་རྒྱ་གར་བྷོ་ལིའི་ཝུ་ཌིའི་(Bollywood) འཁྲབ་སྟོན་མ་གྲགས་ཅན་ཞིག་ཡིན་ཁར། དུད་འགྲོ་སེམས་ཅན་ལ་བྱམས་བརྩེ་སྤྲོད་མཁན་ཞིག་ཀྱང་ཡིན་འདུག།།

གསར་འགོད་པ་བཀྲ་ཤིས་དོན་གྲུབ།

Share this:
༡༠༢༤ ཀློག་གྲངས།