ཟླ་འདི་ནག་པ་ཟླ་བ་མ་རེད་ས་ག་ཟླ་བ་རེད།

ལྷོ་བརྒྱུད་ནང་བསྟན་དང་བོད་བརྒྱུད་ནང་བསྟན་གཉིས་ད་ལྟ་འཛམ་གླིང་ཀུན་ལ་ཐེག་པ་ཆེ་ཆུང་གི་མཚན་གཞི་འཇོག་པའི་གཙོ་བོ་ཉིད་དུ་གྱུར། འདི་གཉིས་ལ་ཀ་སྟོན་པ་གཅིག་ཉིད་ཡིན་པ་ལས་ཐེག་པ་ཆེན་པོའི་སྟོན་པ་དང་ཐེག་པ་དམན་པའི་སྟོན་པ་སོ་སོ་བ་མེད། དེ་བཞིན་སྟོན་པའི་འཁྲུངས་འདས་ཀྱི་ལོ་ཚིགས་ཀྱང་དོན་ལ་གཅིག་ཡིན་དགོས་པ་ལས་ལུགས་སོ་སོ་བ་ཡང་ཡོད་མི་འོས། གལ་ཏེ་ཡོད་ན་ཐེག་པ་ཆེ་ཆུང་གི་སྟོན་པ་སོ་སོ་བ་ཡིན་དགོས། ཐེག་དམན་སྟོན་པ་མ་འཁྲུངས་གོང་ནས་ཐེག་ཆེན་སྟོན་པ་སྐུ་འདས་པ་དེ་འདྲ་དེ་ནི་སྨྱོན་པ་ཆང་གིས་རྒྱགས་པ་ལྟ་བུ་ལས་ཅི་ཡོད། སྟོན་པ་ཤཱཀྱ་ཐུབ་པ་ཐེངས་གཅིག་མ་གཏོགས་འཁྲུངས་མེད་པ་དང་། ལན་གཅིག་མ་གཏོགས་སྐུ་མྱ་ངན་ལས་འདས་མེད་པ་འདི་ཐུགས་ལ་འཛིན་ནས་དཔྱད་པ་གཏོང་རོགས་ཞུ།། འུ་ཅག་གི་གྲུབ་རྩིས་སྲོལ་རྒྱུན་ལོ་ཐོ་ལྟར་ན་ཟླ་བ་གཅིག་ཙམ་གྱིས་རྗེས་སུ་ལྷག་འདུག་ཡོད་པ་དེར་ཐུགས་བསམ་བཏང་མྱོང་ངམ། དེ་རིང་གི་(2018/04/29)ཚེས་བཅོ་ལྔ་དེ་ས་ནག་ཟླའི་ཚེས་བཅོ་ལྔ་ཡིན་ཞེས་ཟེར་ཡང་། དོན་གྱིས་ས་ག་ཟླ་བའི་ཚེས་བཅོ་ལྔ་ཡིན། དེའི་རྒྱུ་མཚན་བདུན་རིམ་བཞིན་འགོད་རྒྱུ།

གཞུང་དངོས།

རྒྱུ་མཚན་དང་པོ། གྲུབ་རྩིས་ཉི་མའི་ཉིན་ཞག་དཀྱིལ་འཁོར་དེ་ཚན་རིག་ཉི་མའི་དཀྱིལ་འཁོར་ལས་རིང་བའི་བསགས་ནོར་དེ་ད་ལྟ་ཉིན་ཞག་སུམ་ཅུ་ལྷག་གི་ཁྱད་པར་བྱུང་ནས། བོད་ཀྱི་ལོ་ཐོ་དེ་ཟླ་གཅིག་ལྷག་གིས་འཕྱི་བསྡད་ཡོད་ལ། དེའི་སྐོར་འདིར་བསྐྱར་དུ་མི་ཞུ། (སྐར་རྩིས་ཀྱི་སྟོང་ཆ) ཞེས་པ་དེ་བོད་ཀྱི་རིག་མཛོད་( http://www.rigzod.org)སོགས་སུ་གཟིགས།

གྲུབ་རྩིས། ༣༦༥ /༦/༢༩/༤༠ ཚན་རིག་ལས་མང་ཆ། ༢༠/༣༡ ལོ་༧༡་ནང་ཞག་གཅིག་རྗེས་སུ་ལུས།
བྱེད་རྩིས། ༣༦༥/༦/༡༢/༢༨ ཚན་རིག་ལས་མང་ཆ་༣/༡༩ ལོ་༤༣༢ནང་ཞག་གཅིག་རྗེས་སུ་ལུས།

རྒྱུ་མཚན་གཉིས་པ། བོད་ཀྱི་ལོ་ཐོར་ཉི་མ་ལུག་ཁྱིམ་ལ་སླེབ་དུས་དང་དཔྱིད་དུས་སོགས་འཕགས་པའི་ལུགས་བཀོད་པ་དེ་འཕགས་རྒྱ་གར་སྲོལ་རྒྱུན་ལས་ཟླ་བ་གཅིག་ཙམ་གྱིས་འཕྱི་བསྡད་ཡོད་ལ། དེའི་སྐོར་བོད་ཀྱི་དུས་བབ་(http://tibettimes.net/2018/03/05/167413/) ཚགས་པར་དུ་གཟིགས།

རྒྱུ་མཚན་གསུམ་པ།  ཉ་སྐར་བཅུ་གཉིས་པོ་དེ་ཟླ་ཁོང་ལྟར་འཆར་མ་ཐུབ།  དེ་ཡང་ཚེས་ཆད་ལྷག་གཉིས་དང་ཟླ་བ་ལྷག་པ་བཏོན་པའི་སྟོབས་ཀྱིས་ཉ་སྐར་རྣམས་དུས་ཐོག་ལྟར་ཤར་དགོས་རྒྱུ་ཡིན་མོད་ཀྱི།  འོན་ཀྱང་བོད་ཀྱི་ལོ་ཐོར་རྒྱས་པར་གཟིགས་དང་ཟླ་བཤད་རྣམས་སུ་རགས་ཞིབ་མཐུན་པ་དང་མི་མཐུན་པ་ཞེས་པའི་ཟླ་སྙད་བཟོ་དགོས་བྱུང་བ་མ་ཟད། མང་ཆེ་བ་མི་མཐུན་པ་བྱུང་བསྡད་ཡོད། གསལ་བོར་ཞུས་ན། གྲུབ་རྩིས་ཀྱི་ལོ་ཐོའི ནང་དུ། ནག་ཟླ། ས་ཟླ། དབོ་ཟླ་སོགས་ཀྱི་ཚེས་བཅོ་ལྔ་ལ་ཉ་སྐར་དང་འཛོམས་དུས་དཀོན་འདུག་པ་དེ་འདྲ་རེད།  གཤམ་དུ་རགས་ཞིབ་མཐུན་མི་མཐུན་སྐོར་ནས་འདས་པའི་ལོ་བཞི་ལ་བསྐྱར་ཞིབ་ཅིག་བྱ།  མ་་་རྟགས་དེ་མི་མཐུན་པ་དོད་དང་། ཐ་་་ཡིག་དེ་མཐུན་པའི་དོད་དུ་བྱོས།

༢༠༡༦
༢༠༡༧
༢༠༡༨

རྒྱུ་མཚན་བཞི་པ། གྲུབ་རྩིས་ཀྱིས་མངོན་གྱུར་གཏན་ལ་ཕབ་པ་དེ་མངོན་སུམ་ཚད་མ་དང་འགལ། ཕྱི་ཟླ་༤་༣༠་པ་སྟེ། བོད་རྩིས་ཀྱི་ཚེས་༡༦་པའི་མཚན་དུས་༩པའི་སྐབས།  ཕུར་བུ་དང་ཟླ་བ་གཉིས་མཉམ་དུ་འཛོམས་ཡོད་པ་དེ་འུ་ཅག་གི་མིག་གིས་གསལ་བོར་མཐོང་། སྐབས་དེར་ལྷོ་ཕྱོགས་ནས་ངའི་ཁ་པར་གྱིས་པར་ཞིག་བསྐྱོན་པ་འདི་ཡིན། ཟླ་བའི་འོག་གི་གཡོན་ཟུར་ན་སྐར་མ་ཞིག་མངོན་ཐུབ་པ་དེ་གཟའ་ཕུར་བུ་ཡིན། དེ་བཞིན་དེང་གི་མཉེན་འཕྲུལ་དག་གིས་ཀྱང་ཅི་བཞིན་དུ་གཞལ་ཐུབ་པ་འདི་འདྲ་རེད།


སྐབས་དེར་བོད་ཀྱི་ལོ་ཐོའི་ནང་དུ་ཟླ་བ་སྐར་མ་༡༤་པ་ས་རིའི་སྟེང་དུ་ཡོད་པ་དང་། ཕུར་བུ་ནི་དལ་དག་༡༥པ་ས་གའི་སྟེང་དུ་ཡོད་པའི་རི་མོ་ཤར་འདུག   ཡང་རི་མོའི་དབང་དུ་བཏང་ན། ཟླ་བ་དེ་གཟའ་ཕུར་བའི་སྟེང་དུ་སླེབ་དུས་དེ་བོད་ཚེས་༡༨་པའི་ཉིན་ཡིན། འོན་ཀྱང་དེ་དུས་ཟླ་ཕུར་འཛོམས་ཚར་ནས་ཉིན་ཞག་གཉིས་ཙམ་སོང་འདུག  དེའི་ཕྱིར་དེ་གཉིས་ཀ་སྐར་ཁོངས་སོ་སོར་གནས་པའི་རི་མོ་ཤར་བ་དེ་མངོན་སུམ་ཚད་མ་དང་འགལ་བ་མ་ཟད།  ཟླ་ཕུར་གཅིག་ཏུ་འཛོམས་པའི་རི་མོ་ཤར་བ་དེ་ཡང་ཉིན་ཞག་གཉིས་ཙམ་གྱིས་འཕྱི་བསྡད་ཡོད་པས་མངོན་སུམ་ཚད་མ་དང་འགལ།

རྒྱུ་མཚན་ལྔ་པ། བོད་ཀྱི་བྱེད་རྩིས་དང་གྲུབ་རྩིས་བར་དུ་ཟླ་བ་གཅིག་གི་ཁྱད་པར་བྱུང་། དེ་ཡང་གྲུབ་རྩིས་ཀྱི་ཟླ་དག་དེ་བྱེད་རྩིས་ཀྱི་ཟླ་དག་ལས་ཟླ་ཕྱེད་གཉིས་སམ་ཟླ་བ་གཅིག་གིས་འཕྱི་བསྡད་ཡོད་པ་དེ་བོད་ཀྱི་སྐར་རྩིས་པ་ཚོར་ཡོངས་སུ་གྲགས། ད་ལོ་(༢༠༡༨)་ས་ཁྱི་ལོའི་ལོ་ཐོའི་ལ་ཆགས་བཞག་ན། གྲུབ་རྩིས་ཀྱི་བོད་ཟླ་གསུམ་པའི་མདའ་རོའི་ལྷག་མ་༢༩་ཡིན་པ་དང་བྱེད་རྩིས་ཀྱི་༣༣་ཡིན།  གཉིས་ཀའི་གཏན་ལ་དབབ་བྱ་གཅིག་ཡིན་ཀྱང་ཅི་ཕྱིར་ན་དེ་དག་བར་དུ་ཟླ་གཅིག་གི་ཁྱད་པར་བྱུང་དགོས་རེད།

རྒྱུ་མཚན་དྲུག་པ། དབྱར་གྱི་ཆར་དུས་དང་དབྱར་གནས་ཀྱི་དགག་དབྱེ་དུས་ཚིགས་དག་ལས་ཀྱང་བོད་ལུགས་ཟླ་གཅིག་གིས་འཕྱི་བསྡད་ཡོད། དེའི་ཚུལ་རྒྱས་པ་གཞན་དུ་འབྲི་རྒྱུ། གསེར་འོད་དམ་པའི་མདོའི་ལེའུ་བཅུ་དྲུག་པ་ལས། ཟླ་གསུམ་དབྱར་ཏེ་ཟླ་གསུམ་སྟོན་དུ་ཤེས། །གསུམ་ནི་དགུན་ཏེ་གསུམ་ནི་དཔྱིད་ཡིན་ནོ། །དེ་ལྟར་ཟླ་བའི་གོ་རིམས་དུས་ནི་དྲུག །ལོ་གཅིག་ལ་ནི་ཟླ་བ་བཅུ་གཉིས་འདོད། །གསུམ་གསུམ་དུ་ནི་ཚིགས་རྣམས་བསྡུས་པར་ཤེས། །ཞེས་སོ།།

དབྱར་ཆར་དུས སྟོན་གསུམ དགུན་གསུམ དཔྱིད་གསུམ
ཕྱི་ཟླ 6 7 8 9 10 11 12 1 2 3 4 5
དུས་འཁོར་རྒྱུད། ཆུ གྲོ ཁྲུམ སྨིན མགོ རྒྱལ མཆུ དབོ ནག སྣྲོན
བོད་ཀྱི་ལོ་ཐོར་བཀོད་པའི་ཟླ་བ།

 

༡༠ ༡༡ ༡༢
སྣྲོན ཆུ གྲོ ཁྲུམ སྨིན མགོ རྒྱལ མཆུ དབོ ནག
དབྱར དབྱ སྟོན སྟོན སྟོན དགུན དགུ དགུ དཔྱིད དཔྱི དཔྱི དབྱར

རྒྱུ་མཚན་བདུན་པ། དེ་རིང་བདག་ཅག་གི་སྟོན་པ་ཤཱཀྱ་ཐུབ་པ་སངས་རྒྱས་པའི་དུས་ཆེན་ཡིན་པ་ལྷོ་བརྒྱུད་ནང་བསྟན་འཛིན་པ་ཚོར་གནའ་ནས་བཟུང་རྩོད་མེད་ཡོགས་གྲགས་ཡིན། དེ་ཡང་ཝི་ས་ཀཧ། Vesakha, Vaisakh, Vesak, Vaishakhi. ཞེས་དང་། Buddha Day ཞེས་སངས་རྒྱས་པའི་ཉིན་མོ་ཞེས་གྲགས་པ་དེ་དེ་རིང་ཡིན། དེ་ཡང་ལྷོ་བརྒྱུད་ནང་བསྟན་ལས་ཤྲི་ལིངྒ་དང་། འབར་མ། བྷང་ལ་སྡེ་ཤི་གཙོ་བྱས་པའི་འཛམ་གླིང་ཡུལ་གྲུ་ཐག་ཏུ་དུས་མཆོད་བསྲུང་བརྩིས་བྱས་འདུག གཤམ་དུ་དྲྭ་ཚིགས་ཁག་ཅིག་དཔྱད་གཞིར་ཕུལ་ཡོད།

འབར་མ། https://www.irrawaddy.com/lifestyle/vesak-day-rangoon.html

ཤྲི་ལིངྒ། https://publicholidays.lk/vesak-day/

བལ་ཡུལ། http://indianexpress.com/article/lifestyle/art-and-culture/buddhist-countries-and-the-different-names-of-buddha-purnima-5154009/

བྷང་ལ་ལྡེ་ཤེ། https://www.devdiscourse.com/Article/5627-vesak-day-2018-history-and-significance-of-the-festival

རྒྱ་གར་ནང་བ། https://www.latestly.com/india/information/over-300-dalits-including-una-assault-victims-embrace-buddhism-in-gujarat-137546.html

ཁམ་པོ་ཌེ་ཡ།

https://www.google.co.in/search?rlz=1C1CHBF_enIN744IN744&biw=1218&bih=587&ei=FCToWqzgNKKavQSEva_QBQ&q=vesak+day+in++Cambodia&oq=vesak+day+in++Cambodia&gs_l=psy-ab.3..0j0i22i30k1.2163.34626.0.36129.27.16.0.0.0.0.384.1644.3j6j1j1.11.0….0…1c.1.64.psy-ab..21.5.869…35i39k1j0i20i263k1j33i21k1.0.iye2R3xI87g

རྡོ་རྗེ་གདན། http://indianexpress.com/photos/lifestyle-gallery/buddha-purnima-2018-celebration-pics-buddha-purnima-photos-gautam-buddha-birthday-5156214/

རྒྱལ་ཁབ་གཞན།

http://www.sundaytimes.lk/180429/plus/vesak-around-the-world-in-ancient-times-291760.html

སངས་རྒྱས་ཉ་གང་ཉིན། (Buddha Purnima)

http://indianexpress.com/article/religion/buddha-purnima-2018-date-and-muhurat-time-in-india-for-vesak-day-5151242/

རྒྱལ་སྤྱིའི་སངས་རྒྱས་ཉིན།

http://www.un.org/en/events/vesakday/index.sht

 

ཞལ་བྱུང་རྒྱུ་སྐར་ཝི་ས་ཀ་ཞེས་པའི་ཐ་སྙད་ཀྱི་གོ་དོན། 

བོད་སྐད

Tibetan

ལེགས་སྦྱར

Sanskrit
संस्कृतम्

ལྷོ་ཕྱོགས་ཏ་མེལ།

Tamil
தமிழ்

ལིངྒའི་གླིང་།

Sinhala
සිoහල

ལྷོ་ཕྱོགས་ཀན་ནཱ་ཌཱ།

Kannada
ಕನ್ನಡ

བྷང་ག་ལི།

Bengali
বাংলা

སོག་སྐད

Mongolian

རྒྱ་ནག

Chinese
宿

མིང་གི་རྣམ་གྲངས།

Synonyms

ནག་པ། Chitrā
चित्रा
Chithirai
சித்திரை
Sitha
සිත
Chitra
ಚಿತ್ರ
Chitra
চিত্রা
Тэргүүн дагуул བྱ་བུ། བྱའུ།  སྒོང་འཛིན། བྱ་རོག།  བརྒྱད་ལྡན་མ། ཟླ་ཐོག། བྱའུ་སྒོང་། ཙིཏྲཱ།
ས་རི། Svātī
स्वाती
Swathi
சுவாதி
Saa
සා
Swathi
ಸ್ವಾತಿ
Swati
স্বাতী
Салхины эх ནམ་གོང་། མེ་རླུང་ཅན། རླུང་གི་རླུང་ལྷ། སྭཱ་ཏི།
ས་ག Vishākhā
विशाखा
Visakam
விசாகம்
Wisa
විසා
Vishakha
ವಿಶಾಖ
Bishakha
বিশাখা
Эрхтний тэнгэрт  

ནམ་འོག  རླུང་རྒྱལ། རྒྱུད་ལྡན་དབང་པོ།  ལྷ་ལྡན་མ། བི་བཱ་ཁཱ།  བི་ཤཱ་ཁཱ།

ལེགས་སྦྱར་སྐད་དུ་རྒྱུ་སྐར་ནག་པ་ལ་ཅི་ཏྲཱ་དང་ཙིཏྲཱ་ཞེས་བྱུང་། འདིའི་ནག་པ་ཞེས་པའི་ཚིག་དོན་ནི་བྱ་ནག་ཡིན་འདྲ་སྟེ། བྱ་རོག་ཞེས་པ་འདིའི་མིང་གི་རྣམ་གྲངས་ཡིན་པས་སོ།།  ས་རི་ཞེས་པ་ཡང་དོན་གྱིས་སྭཱ་ཏི་ཞེས་པའི་ལེགས་སྦྱར་སྐད་ཟུར་ཆགས་པ་ཡིན་པ་སྨོས་མི་དགོས་ལ། ཡང་རྒྱུ་སྐར་ས་ག་ལ་ལེགས་སྦྱར་སྐད་དུ། བི་ཤཱ་ཁཱ་སྟེ། བི་སཱ་ཁཱ་ཞེས་པའི་སྐད་ཟུར་ཆགས་པ་ཡིན།  དེང་སང་ཝེ་སག་ཅེས་ཟེར། རྒྱུ་སྐར་འདི་དོན་ལ་ངོས་འཛིན་ལུགས་མི་འདྲ་ས་དང་ནོར་འགྲོ་ས་འདྲ་གཏན་ནས་མེད། ས་ག་ལ་སྐར་མ་བཞི་ཡོད་པར་འུ་ཅག་གི་ངག་རྒྱུན་དུ་ཡོད་པ་ལྟར་རྒྱ་གར་ནག་གཉིས་ཀྱིས་ཀྱང་ཡོངས་སུ་གྲགས་ལ།  བེ་དཀར་དང་།  སི་ཏུའི་རྒྱ་འགྱུར་མྱུར་རྩིས་གསལ་སྒྲོན། སོགས་སུ་གཟིགས་འཚལ།  རྒྱུ་སྐར་གྱི་གོ་རིམ་དང་རིས་གཟའི་གོ་རིམ་སོགས་དཔྱད་རྒྱུ་མང་དུ་ཡོད་ཀྱང་གཞན་དུ་ཞུ་རྒྱུ།

མཇུག་སྡོམ།

འདི་དག་ཀུན་གྱི་རྩ་བའི་འབྱུང་ཁུངས་བོད་ཀྱི་ལོ་ཐོ་ལ་འགྲེལ་ཆེན་དྲི་མེད་འོད་དང་ཨ་བྷྱ་ཀ་རའི་མན་ངག་གིས་མ་བརྒྱན་པའི་ལེན་ཁ་ཁོ་ན་ཡིན་ནོ།།  སྐྱོན་བཏོན་མ་བྱས་ན་བོད་ཀྱི་སྲོལ་རྒྱུན་ལོ་ཐོ་སྐྱོན་གྱི་གོང་བུ་འབའ་ཞིག་ཏུ་གྱུར་ཏེ།  དེ་ཡང་དུས་འཁོར་རྒྱུད་དྲི་མེད་འོད་དང་དྲང་སྲོང་རྔ་བོང་གི་ཞུས་པའི་མདོ་སོགས་མདོ་རྒྱུད་གཉིས་ཀའི་ལུང་དང་འགལ་བ་དང་གཅིག དཔྱིད་དུས་དང་ཆར་དུས་སོགས་གནམ་དཔྱིས་དངོས་དང་འགལ་བ་དང་གཉིས། མིག་སྐར་དང་ཟླ་བ་གཟའ་འཛིན་སོགས་མངོན་སུམ་ཚད་མ་དང་འགལ་བ་དང་གསུམ།  ཉི་མའི་དཀྱིལ་འཁོར་དང་ཉི་ལྡོག་ཡུན་ཚད་སོགས་ཚན་རིག་དང་འགལ་བ་དང་བཞི། དེ་སོགས་སྐྱོན་མང་དུ་བྱུང་བསྡད་འདུག འདི་དག་ལ་བོད་མི་ཀུན་གྱིས་ཐུགས་འཇགས་དང་བསལ་ཚུལ་ལྷུག་པོར་གནངས་རྒྱུ་མཁྱེན་མཁྱེན་ཞུ་ཞུ། ཞེས་ནང་བའི་ཆོས་ཀྱི་གཟུགས་འཛིན་པ་རྒྱ་ཤེས་རབ་ཆོས་འཕེལ་གྱིས་བོད་བརྒྱུད་ནང་བསྟན་རིག་པའི་ཕྱོགས་སུ་གཏོགས་པ་ཀུན་ལ་སྤྲང་། །

 

Share this:
༥༤༡ ཀློག་གྲངས།