བོད་མི་ཞིག་ལ་རྒྱ་གར་རྒྱལ་ཡོངས་ཀྱི་གློག་བརྙན་གཟེངས་རྟགས་ཐོབ་འདུག

ཟླ་༥ པའི་ཚེས་༣ ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིར། བོད་མི་བསྟན་འཛིན་དཀོན་མཆོག་ལ་ཕྱི་ལོ་༢༠༡༨ ལོའི་རྒྱ་གར་རྒྱལ་ཡོངས་གློག་བརྙན་གཟེངས་རྟགས་ཀྱི་མཛད་སྒོར། གློག་བརྙན་ཕྱོགས་སྒྲིག་རྩེ་ཕུད་ཀྱི་གཟེངས་རྟགས་ཐོབ་ཡོད་པ་དང་། དེ་ནི་བཙན་བྱོལ་ནང་བོད་མི་ཞིག་ལ་གཟེངས་རྟགས་དེ་འདྲ་ཞིག་ཐོབ་པ་ཐེངས་དང་པོ་ཡིན་འདུག

ཁོང་དང་ལས་རོགས་ཤིག་གིས་ཕྱོགས་སྒྲིག་བྱས་པའི་དངོས་བྱུང་གློག་བརྙན་འདས་ཆོས་(Mrityubhoj The Death Fest) ཞེས་པ་དེ་ནི། རྒྱ་གར་ནང་གི་ཧིན་རྡུ་ཆོས་ལུགས་ཀྱི་འདས་ཆོས་ལམ་ལུགས་དང་། དེ་དང་འབྲེལ་ནས་སྤྱི་ཚོགས་ཀྱི་གནོན་ཤུགས་འོག མི་དབུལ་པོ་ཚོར་འཕྲད་བཞིན་པའི་དཀའ་ངལ་སྐོར་ཡིན་འདུག

བསྟན་འཛིན་དཀོན་མཆོག་བོད་ཁྱིམ་སློབ་ཟུར་ཡིན་འདུག་པ་དང་། རྒྱལ་ས་ལྡི་ལི་ནས་སློབ་མཐར་ཕྱིན་རྗེས། རྒྱལ་སྤྱིའི་བརྒྱུད་ལམ་བྷི་བྷི་སི་དང་། རྒྱ་གར་གྱི་བརྒྱུད་ལམ་ཆེ་ཤོས་གྲས་(NDTV) ལ་ལས་ཀ་བྱས་ཡོད་འདུག དེ་རྗེས་སྒེར་གྱི་གློག་བརྙན་ཕྱོགས་སྒྲིག་ཁང་གསར་འཛུགས་བྱས་ཡོད་འདུག

རྒྱ་གར་རྒྱལ་ཡོངས་ཀྱི་གློག་བརྙན་གཟེངས་རྟགས་དེར། རྒྱལ་གར་ནང་གི་གློག་བརྙན་འཁྲབ་འཁྲིད་པ་དང་། འཁྲབ་སྟོན་པ། གཞས་སྣ་འཁྲབ་འཁྲིད་པ། གཞས་པ་སོགས་གྲགས་ཆེན་རྣམས་ལ་གཟེངས་རྟགས་སྤྲོད་པའི་ལས་རིམ་ཞིག་ཡིན་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།

 

Share this:
༡༤༠༥ ཀློག་གྲངས།