ཞི་ཅིན་ཕིང་ལ་བཀྲ་ཤིས་དབང་ཕྱུག་བཙོན་གྲོལ་བྱ་རྒྱུའི་འབོད་བརྡ།

འགྲོ་བ་མིའི་ཐོབ་ཐང་ཚོགས་སྡེ་ཁག་༩ ཡིས་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཀྱི་ལས་འགུལ་བ་བཀྲ་ཤིས་དབང་ཕྱུག་འཕྲལ་དུ་གློད་གྲོལ་གཏོང་དགོས་པའི་ཡོངས་ཁྱབ་གཏོང་ཡིག་ཅིག་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་ལ་བསྐུར་འདུག

ཧོང་ཀོང་རང་དབང་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་༣ འཛམ་གླིང་གསར་འགོད་རང་དབང་གི་ཉིན་མོ་དང་སྟབས་བསྟུན་ཏེ། རྒྱལ་སྤྱིའི་རང་དབང་གི་ཚོགས་སྡེ་ཁག་དགུས་མིང་རྟགས་བཀོད་དེ། རྒྱ་ནག་གཞུང་གིས་བཙོན་འཇུག་བྱས་པའི་བོད་ཀྱི་སྐད་ཡིག་སློབ་གསོ་དོན་གཉེར་བ་བཀྲ་ཤིས་དབང་ཕྱུག་འཕྲལ་དུ་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་བཙོན་གྲོལ་གཏོང་རྒྱུའི་རེ་འབོད་ཀྱི་ཡོངས་ཁྱབ་འཕྲིན་ཡིག་ཅིག་སྤེལ་འདུག

དེ་ཡང་ཁོང་ཚོའི་རེ་འབོད་ནང་“བོད་དང་རྒྱ་ནག་ནང་གི་གཏམ་བརྗོད་རང་དབང་དང་། གསར་འགོད་རང་དབང་། འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཀྱི་ཐོག་ང་ཚོའི་ཚོགས་སྡེ་ཁག་སེམས་ཐག་གཙང་བཅད་ཡིན། དེ་རིང་ང་ཚོས་འཛམ་གླིང་གསར་འགོད་རང་དབང་གི་ཉིན་མོ་དང་སྟབས་བསྟུན་ཏེ། ཕྱི་ལོ་༢༠༡༦ ལོར་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་པ་བཀྲ་ཤིས་དབང་ཕྱུག་གིས་ནིའུ་ཡོག་དུས་བབ་ཀྱི་བཅར་འདྲིར་ལན་འདེབས་བྱས་རྗེས། རྒྱ་ནག་གཞུང་ནས་རང་སྣང་གང་དྲན་ཐོག་ཁོང་འཛིན་བཟུང་དང་མུ་མཐུད་བཀག་ཉར་བྱེད་བཞིན་པར་སེམས་འཁུར་ཆེན་པོ་ཡོད་པ་སྟོན་ཕྱིར་འཕྲིན་ཡིག་འདི་འབྲི་བཞིན་ཡོད། དུས་དེ་ནས་བཟུང་བཀྲ་ཤིས་དབང་ཕྱུག་ལ་རྒྱལ་ཁབ་ཁ་བྲལ་གཏོང་གཞིའི་བྱ་སྤྱོད་སྤེལ་བའི་ཆབ་སྲིད་ཀྱི་ཉེས་མིང་འོག ཁོང་གི་སྨྲ་བརྗོད་རང་དབང་དང་ཚོགས་སྡེའི་རང་དབང་གི་ཐོབ་ཐང་འཕྲོག་ཡོད་པ་རེད། ང་ཚོས་རྒྱ་ནག་གཞུང་ལ་ཆ་རྐྱེན་གང་ཡང་མེད་པའི་ཐོག་འཕྲལ་དུ་ཁོང་གློད་གྲོལ་གཏོང་རྒྱུའི་འབོད་སྐུལ་བྱེད་ཀྱི་ཡོད་”ཅེས་བརྗོད་ཡོད་འདུག

དེ་ཡང་། ཕྱི་ལོ་༢༠༡༥ ལོར་ཨ་རིའི་ནིའུ་ཡོག་དུས་བབ་ནས། བཀྲ་ཤིས་དབང་ཕྱུག་གིས་རྒྱ་ནག་གི་རྩ་ཁྲིམས་ནང་གྲངས་ཉུང་མི་རིགས་ཀྱི་སྐད་དང་རིག་གཞུང་ལ་སྲུང་སྐྱོབ་དགོས་སྐོར་འཁོད་པ་གཞིར་བཞག་ནས། ཡུལ་ཤུལ་དང་བོད་ཀྱི་སློབ་གྲྭ་ཁག་ནང་བོད་ཡིག་དེ་རྒྱ་ཡིག་བཞིན་བརྩི་མཐོང་དང་སློབ་ཁྲིད་བྱེད་པའི་ཆེད་དུ་ཞུ་གཏུགས་བྱས་པ་མ་ཟད། གནས་སྟངས་དེ་ལ་རྒྱབ་སྐྱོར་ཐོབ་ཆེད་དུ་ཁོང་པེ་ཅིང་དུ་ཞུ་གཏུགས་བྱེད་དུ་སོང་ནས་རྒྱ་ནག་གི་བརྒྱུད་ལམ་ཁག་ཏུ་ཡང་དེའི་སྐོར་ལ་འགྲེལ་བཤད་བརྒྱབ་པ་སོགས་ཀྱི་སྐོར་ལ་བརྙན་ཞིག་སྤེལ་ནས་ཟླ་བ་༢ སོང་རྗེས། ཕྱི་ལོ་༢༠༡༦ ལོའི་ཟླ་༡ པོའི་ཚེས་༢༧ ཉིན་རྒྱ་ནག་གཞུང་གིས་འཛིན་བཟུང་བཀག་ཉར་བྱས་ཡོད་པ་དང་། ཕྱི་ལོ་༢༠༡༧ ལོའི་ཕྱི་ཟླ་༡ པོའི་ཚེས་༤ ཉིན་ཡུལ་ཤུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་དུ། ཁོང་ལ་ཁྲིམས་བཤེར་བྱས་ཡོད་ཀྱང་ཁྲིམས་ཐག་བཅད་མེད་པ་རེད།

བཀྲ་ཤིས་དབང་ཕྱུག་ནི་བོད་ཁམས་སྐྱེ་རྒུ་མདོ་ནས་ཡིན་པའི་ཚོང་པ་ཞིག་ཡིན་ཞིང་། ཕྱི་ལོ་༢༠༡༦ ལོའི་ཕྱི་ཟླ་༡ པོའི་ཚེས་༢༧ ཉིན་ཁོང་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་ཡོད་ཅིང་། སྐབས་དེར་ཁོང་༣༠ ཡིན་པ་རེད། །

ཡོངས་གྲགས་འཕྲིན་ཡིན་སྤེལ་མཁན་གྱི་ཚོགས་སྡེ་༩ ནི། འགྲོ་བ་མིའི་ཐོབ་ཐང་རྟོག་ཞིབ་ཚོགས་པ་དང་། རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ། ཨ་རིའི་པེན་རྩོམ་པ་པོའི་མཐུན་ཚོགས།(PEN America Center) རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ཁང་(International Tibet Network) བོད་རང་དབང་ཚོགས་པ།(Free Tibet) རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཞབས་ཞུ་ཚོགས་པ། (International Service for Human Rights) དབྱིན་ཇིའི་པེན་རྩོམ་པ་པོའི་མཐུན་ཚོགས། (PEN English) རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ། (International Federation for Human Rights)  དང་(Safeguard Defenders) ཞེས་པའི་ཚོགས་པ་བཅས་ཡིན་འདུག །

གསར་འགོད་པ་བཀྲ་ཤིས་དོན་གྲུབ།

Share this:
༨༦༦ ཀློག་གྲངས།