༸གོང་ས་མཆོག་ཨ་རིར་ཆིབས་སྒྱུར་བསྐྱང་རོགས་ཞེས་གསོལ་འདེབས་ཞུས་འདུག

ཟླ་འདིའི་ཚེས་ ༣ ནས་ ༤ བར་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ཨ་རིའི་གཞུང་ཚབ་པ་སྐུ་ཞབས་ཀན་ནེ་ཐི་(Kenneth  I.Juster) དང་། ཁོང་གི་ཕྱག་རོགས་སྐུ་ཞབས་ཨ་ནུད་(Anood Taqui)  ཌེརེཀ་(Derek Westfall, Deputy Political Minister Counselor) ཨ་རི་རོགས་ཚོགས་ཀྱི་ལས་བྱེད་ཐོ་མ་སི་(Thomas Kress) དང་ར་ཇི་མར་ཝ་ཧ་(Raj Marwaha) བཅས་བཞུགས་སྒར་དྷ་སར་འཚམས་གཟིགས་སུ་ཕེབས་ཡོད་པ་རེད།

དེ་ཡང་ཕྱི་ཚེས་ ༣ ཉིན་ལྡི་ལིར་རྟེན་གཞི་བྱས་པའི་ཨ་རིའི་གཞུང་ཚབ་པ་དང་སྐུ་མགྲོན་རྣམ་པ་དྷ་སྟེང་བོད་ཕྲུག་ཁྱིམ་སྡེ་དང་བོད་ཀྱི་ཟློས་གར་ཚོགས་པར་གཟིགས་སྐོར་དུ་ཕེབས་པ་མ་ཟད།  བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་དང་བཀའ་བློན་རྣམ་པ་བཅས་དང་ལྷན་དགོང་དྲོའི་གསོལ་ཚིགས་ལྷན་བཞེས་གནང་རྗེས་བོད་ཀྱི་ཟློས་གར་ཚོགས་པས་སྲོལ་རྒྱུན་གཞན་སྣ་གཟིགས་འབུལ་ཞུས་འདུག

ཕྱི་ཚེས་ ༤ ཉིན་གྱི་སྔ་དྲོ་གཞུང་ཚབ་པ་དང་སྐུ་མགྲོན་རྣམ་པ་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མཇལ་བཅར་ཞུས་པ་དང་། ༸གོང་ས་མཆོག་གིས་སེམས་ནང་ཞི་བདེ་སྐྲུན་པ་བརྒྱུད་འགྲོ་བ་མིའི་ཁྱིམ་ཚང་ཆེན་པོའི་ནང་བདེ་སྐྱིད་སྐྲུན་ཐབས་སྐོར་བཀའ་སློབ་བསྩལ་བ་དེ་དག་གིས་གཞུང་ཚབ་པ་ལ་སེམས་འགུལ་ཤུགས་ཆེ་ཐེབས་པ་དང་།  ཁོང་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མགྱོགས་མྱུར་ཨ་རིར་ཆིབས་སྒྱུར་བསྐྱང་རོགས་གནང་ཞེས་གསོལ་འདེབས་ཞུས་འདུག

མཇལ་འཕྲད་གྲུབ་བསྟུན་སྐུ་མགྲོན་རྣམ་པ་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དང་བོད་ཀྱི་འགྲེམས་སྟོན་ཁང་། དྷ་ས་བོད་ཀྱི་དཔེ་མཛོད་ཁང་། བཙུན་དགོན་སྒྲོལ་མ་གླིང་། ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་བཅས་ལ་གཟིགས་སྐོར་དུ་ཕེབས་ཡོད་པ་རེད།།

གསར་འགོད་པ་ཆོས་ཉིད་འོད་ཟེར།

Share this:
༢༧༤ ཀློག་གྲངས།