༢༠༡༧ ལོའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་སྙན་ཐོ་བཏོན་འདུག

བོད་ནང་དུ་རྒྱ་ནག་གཞུང་གིས་ཕྱོགས་ཡོངས་ནས་དོགས་གཟོན་དང་མྱུལ་ཞིབ་ཀྱི་ལས་གཞི་སྤེལ་ནས། འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་མང་པོ་ཞིག་རྡོག་རོལ་གཏོང་བཞིན་ཡོད་པ་དང་། གནས་སྟངས་དེ་ཛ་དྲག་ཏུ་འགྲོ་རྒྱུའི་སེམས་འཚབ་ཡོད་སྐོར། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་ཚེ་རིང་མཚོ་མོས་བརྗོད་སོང་།

ཟླ་༥ པའི་ཚེས་༧ ཉིན་དྷ་ས་གངས་སྐྱིད་བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་དུ། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས། ཕྱི་ལོ་༢༠༡༧ ལོའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྙན་ཐོ་བཏོན་སོང་བ་དང་། དེའི་ནང་བོད་ནང་གི་བསམ་བརྗོད་རང་དབང་དང་། གང་བྱུང་བཀག་ཉར་དང་མནར་གཅོད། ཆོས་ལུགས་རང་དབང་། ཡར་རྒྱས་འཛུགས་སྐྲུན་བཅས་ས་བཅད་བཞིའི་ཐོག་ནས། བོད་ནང་གི་གནས་སྟངས་ཛ་དྲག་ཏུ་འགྲོ་བཞིན་ཡོད་པའི་སྙན་ཐོའི་དཔེ་དེབ་བོད་དབྱིན་རྒྱ་གསུམ་གྱི་ཐོག་བཏོན་འདུག

དེ་ཡང་ལྟེ་གནས་ཁང་གི་འགན་འཛིན་ཚེ་རིང་མཚོ་མོ་དང་ཉམས་ཞིབ་པ་བསྟན་འཛིན་ཟླ་བ་གཉིས་ཀྱིས་བསམ་བརྗོད་རང་དབང་དང་འབྲེལ་ནས་བརྗོད་དོན། རྒྱ་ནག་གཞུང་གིས་གྲོང་སྡེར་བཅའ་སྡོད་ལས་དོན་རུ་ཁག་ཅེས་པའི་ལས་འགུལ་ནང་། བོད་ནང་གི་གྲོང་སྡེ་ཁག་ཏུ་རྒྱ་ནག་གཞུང་གི་ལས་བྱེད་ཕོན་ཆེན་བཏང་ནས། བོད་མིའི་བསམ་བརྗོད་ལ་རྟོག་ཞིབ་བྱེད་ཀྱི་ཡོད་པ་དང་། དེ་བཞིན་དེང་རབས་ཅན་གྱི་འཕྲུལ་ཆས་བེད་སྤྱད་ནས། བོད་མི་བར་གྱི་སྐད་ཆ་དང་བྱ་སྤྱོད་ལ་སྟངས་འཛིན། བོད་ནང་གི་དྲ་རྒྱ་སོགས་ལ་དོ་དམ་སྟངས་འཛིན་བྱེད་ཀྱི་ཡོད་པས། བསམ་བརྗོད་ཀྱི་རང་དབང་དང་སྒེར་གྱི་ཐོབ་ཐང་ལ་རྡོག་རོལ་ཚད་མེད་གཏོང་བཞིན་ཡོད་འདུག ད་ལྟའི་ཆར་རྒྱ་ནག་གཞུང་གིས་བོད་ནང་དུ་ཕྱོགས་ཡོངས་ནས་དོགས་གཟོན་དང་མྱུལ་ཞིབ་ཀྱི་ལས་འགུལ་གཞི་རྒྱ་ཆེན་པོ་སྤེལ་བཞིན་ཡོད་པས། དེ་ལ་བརྟེན་ནས་སྨྲ་བརྗོད་དང་ཆོས་ལུགས་སོགས་ཀྱི་གཞི་རྩའི་རང་དབང་དང་ཐོབ་ཐང་མང་པོ་ཞིག་རྡོག་རོལ་གཏོང་ཐུབ་ཀྱི་ཡོད་ཁར། མ་འོངས་པར་གནས་སྟངས་དེ་ཛ་དྲག་ཏུ་འགྲོ་བའི་སེམས་འཚབ་ཡོད་སྐོར་བརྗོད་སོང་།

དེ་བཞིན་གང་བྱུང་བཀག་ཉར་དང་མནར་གཅོད་སྐོར་ལ་བརྗོད་དོན། རྒྱ་ནག་གཞུང་གིས་ཉེན་ཁ་མཐོང་བའི་བོད་མི་རྣམས་གང་བྱུང་བཀག་ཉར་བྱེད་ཀྱི་ཡོད་པ་དང་། དེ་ཡང་ཁྲིམས་འགལ་ཐོག་ནས་དུས་རིང་བཀག་ཉར་བྱས་ཏེ། ཁྲིམས་ཞིབ་ཀྱི་བརྒྱུད་རིམ་ཡང་ཁྲིམས་མཐུན་བྱེད་ཀྱི་མེད་པ་རེད་འདུག བཀག་ཉར་གྱི་དུས་ཡུན་རིང་སྡུག་སྦྱོང་མནར་གཅོད་ཚད་མེད་བཏང་ནས། ཉེས་འཛུགས་ལ་བཙན་བཤེད་ཐོག་ནས་ངོས་ལེན་བྱེད་འཇུག་གི་ཡོད་པ་དང་། མང་པོ་ཞིག་བཀག་ཉར་ཁང་དུ་ཚེ་སྲོག་ཤོར་གྱི་ཡོད་འདུག ལྟེ་གནས་ཁང་ལ་འབྱོར་བའི་གནས་ཚུལ་ལྟར་ན། ཕྱི་ལོ་༢༠༠༨ ནས་ད་བར་བཀག་ཉར་ཁང་དུ་རང་སྲོག་ཤོར་མཁན་བོད་མི་༣༡ བྱུང་ཡོད་འདུག བཀག་ཉར་ཁང་དང་བཙོན་ཁང་ནས་གློད་གྲོལ་བྱུང་བའི་བོད་མི་མང་པོ་ཞིག་ནད་ལྕོང་ཆགས་ནས་དཀའ་ངལ་མང་པོ་འཕྲད་བཞིན་པ་དང་། ཁོང་ཚོ་རྒྱ་ནག་གཞུང་གིས་བསྐྱར་དུ་འཛིན་བཟུང་དང་དོ་དམ་སོགས་ཀྱི་སུན་གཙེར་བཟོས་ནས་གནས་སྡོད་དང་འགྲོ་བསྐྱོད་ཀྱི་དཀའ་ངལ་མང་པོ་འཕྲད་ཀྱི་ཡོད་སྐོར་བརྗོད་སོང་།

དེ་བཞིན་རྒྱ་ནག་གཞུང་གིས་ཕྱི་ལོ་༢༠༠༥ ལོར་ཆོས་ལུགས་ལས་དོན་སྲོལ་ཡིག་ཞེས་པའི་སྒྲིག་གཞི་ཞིག་གཏན་འབེབས་བྱས་ཏེ། བོད་བརྒྱུད་ནང་བསྟན་རྒྱལ་ཁབ་ཀྱི་ཉེན་ཁར་ངོས་འཛིན་ཐོག དོ་དམ་ནན་པོ་བྱེད་བཞིན་ཡོད་ཁར། ཕྱི་ལོ་༢༠༡༧ ལོར་སྲོལ་ཡིག་དེ་བསྐྱར་བཅོས་བྱས་ཏེ། དོན་ཚན་མང་པོ་ཞིག་གསར་འཇུག་བྱས་ནས། ལག་བསྟར་བྱེད་འགོ་བཙུགས་ཟིན་འདུག བོད་ནང་རྒྱ་ནག་གཞུང་གིས་ཁ་ནས་བོད་བརྒྱུད་ནང་བསྟན་ཆོས་ལུགས་གཅེས་སྲུང་དགོས་རབས་དྲིལ་བསྒྲགས་བྱེད་ཀྱིན་ཡོད་ཀྱང་། དོན་དངོས་སུ་ཆོས་ལུགས་སྟངས་འཛིན་བྱེད་ཆེད་དུ་ཆོས་ལུགས་སྲིད་ཇུས་མང་པོ་ཞིག་ལག་བསྟར་གྱིས། ཆོས་ལུགས་ལ་དྲག་གནོན་དང་སྡང་འཛིན་གྱི་ལྟ་ཚུལ་བཟུང་སྟེ། ཆབ་སྲིད་སློབ་གསོ་སྤེལ་རྒྱུ་དང་། ཉེན་ཁར་མཐོང་བ་རྣམས་འཛིན་བཟུང་བཀག་ཉར། དེ་བཞིན་ཆོས་ཀྱི་ལྟེ་གནས་ཁག་གཏོར་བཤིག་སོགས། བོད་ནང་གི་ཆོས་ལུགས་རང་དབང་མུ་མཐུད་ཉེན་ཚབས་ཀྱི་གནས་སྟངས་འོག་གནས་བཞིན་ཡོད་སྐོར་བརྗོད་སོང་།

རྒྱ་ནག་གཞུང་གིས་བོད་ནང་དུ་དབུལ་སྒྲོལ་འགག་གཏོར་དམག་འཐབ་ཅེས་པ་དང་། ཁོར་ཡུག་སྲུང་སྐྱོབ། ཡར་རྒྱས་འཛུགས་སྐྲུན་སོགས་ཀྱི་མིང་ཐོག་ནས། བོད་མི་རྣམས་རྩ་ཐང་སོགས་ནས་ས་གནས་གཞན་དུ་གནས་སྤོས་བྱེད་དུ་འཇུག་གི་ཡོད་པ་དང་། བྱེད་སྟངས་དེ་རིགས་ཀྱི་དམིགས་ཡུལ་ནི་བོད་ནང་གཏེར་ཁ་སྔོག་འདོན་བྱེད་ཆེད་ཡིན་ཁར། ལྷག་པར་དུ་དེང་སང་ཁ་པར་སོགས་གློག་གི་འཕྲུལ་ཆས་བཟོ་སྐྲུན་ལ་དགོས་མཁོ་ཆེ་བའི་ལི་གཏེར་གྱི་རིན་གོང་རྒྱལ་སྤྱིའི་ཁྲོམས་རའི་ནང་འཕར་ཡོད་པ་དང་བསྟུན། བོད་ནང་དུ་ཡོད་པའི་ལི་གཏེར་རྣམས་བྲེལ་ཟིང་ཆེན་པོས་སྔོག་འདོན་བྱེད་བཞིན་ཡོད་པ། རྒྱ་ནག་གཞུང་གིས་ཡར་རྒྱས་འཛུགས་སྐྲུན་གྱི་མིང་ཐོག་ནས། བོད་ནང་གི་ཁོར་ཡུག་གཏོར་སྐྱོན་དང་བོད་མིའི་འཚོ་གནས་ཀྱི་རྨང་གཞི་མེད་པ་བཟོ་བཞིན་སྐོར་བརྗོད་སོང་།

ལྟེ་གནས་ཁང་གིས་ཕྱི་ལོ་༢༠༡༧ ལོའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཀྱི་སྙན་ཐོ་བཏོན་པ་དང་སྦྲགས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱ་ནག་གཞུང་དང་དབང་འཛིན་པ་ཚོར་འབྲེལ་བ་བྱས་ཏེ། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་དངོས་ཡོད་གནས་སྟངས་ཡར་རྒྱས་གཏོང་རྒྱུ་གླེང་སློང་དང་གནོན་ཤུགས་སྤྲོད་དགོས་པའི་ཛ་དྲག་གི་འབོད་སྐུལ་གྱི་དོན་ཚན་༢༢ ཞིག་བྱས་འདུག

དེ་བཞིན་སྙན་ཐོའི་ནང་ཕྱི་ལོ་༢༠༡༧ ལོར་བཙོན་གྲོལ་ཐོབ་པའི་བོད་མི་༡༨ དང་། ཕྱི་ལོ་༢༠༡༧ ལོའི་ཆབ་སྲིད་བཙོན་པ་༡༨ ཀྱི་མིང་ཐོ་དང་གནས་ཚུལ་བཏོན་འདུག་པ་དང་། ལྟེ་གནས་ཁང་གིས་བརྗོད་དོན་ལྟར་ན། འདས་ལོའི་ནང་བོད་ནང་དུ་རྒྱ་ནག་གཞུང་ལ་ཁེར་རྐྱང་ངོ་རྒོལ་བྱེད་མཁན་བོད་མི་༡༠ བྱུང་ཡོད་པའི་ནང་ནས། བོད་མི་༦ གིས་རང་སྲེག་རྒྱ་རྒོལ་གནང་འདུག དེ་བཞིན་རྒྱ་གར་ནང་བོད་མི་༢ གཉིས་རང་སྲེག་རྒྱ་རྒོལ་གནང་ཡོད་སྐོར་བརྗོད་སོང་།།

གསར་འགོད་པ་སྐལ་བཟང་དོན་གྲུབ།

Share this:
༡༢༩༡ ཀློག་གྲངས།