སུན་ཀྲིང་ཚའེ་ལ་ཚེ་བཙོན་གྱི་ཁྲིམས་ཐག་བཅད་འདུག

རྒྱ་ནག་གི་སྲིད་འཛིན་ཟུར་པ་ཧུའུ་ཅིན་ཐའོ་དང་སྲིད་བློན་ཟུར་པ་ཝུན་ཅ་པའོ་ཡི་རེ་བཞག་ཅན་གྱི་དཔོན་རིགས་སུན་ཀྲིན་ཚའེ་ལ་ཞིའི་སྲིད་གཞུང་གིས་ཚེ་བཙོན་གྱི་ཁྲིམས་གཅོད་བྱས་ཡོད་འདུག

རྒྱ་ནག་དང་རྒྱལ་སྤྱིའི་གསར་ལམ་ཁག་ཏུ་གནས་ཚུལ་སྤེལ་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་༨ ཉིན་རྒྱ་ནག་ཐན་ཅིང་གྲོང་སྡེའི་ཁྲིམས་ཁང་གིས་རྒྱ་ནག་གི་ཆེས་མཐོའི་དཔོན་རིགས་ཟུར་པ་སུན་ཀྲིང་ཚའེ་ལ་ཨ་སྒོར་ས་ཡ་༢༦.༧ ལྐོག་བརྔན་བླངས་པའི་ཉེས་འཛུགས་འོག ཚེ་བཙོན་གྱི་ཁྲིམས་ཐག་བཅད་ཡོད་པའི་གསལ་བསྒྲགས་ཤིག་སྤེལ་ཡོད་འདུག་པ་དང་། ཁྲིམས་གཅོད་ཀྱི་བཅད་ཁྲའི་ནང་ཁོང་གི་ཆབ་སྲིད་ཀྱི་དབང་ཆ་ཕྲོགས་པའི་ཐོག རྒྱུ་དངོས་ཚང་མ་གཞུང་བཞེས་གཏོང་རྒྱུ་ཡིན་སྐོར་འཁོད་ཡོད་འདུག

སུན་ཀྲིང་ཚའེ་(Sun Zhengcai) ནི་རྒྱ་ནག་དམར་ཤོག་ཚོགས་པའི་དབུས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚོགས་མི་(Central Politburo of the Communist Party of China) ཟུར་པ་དང་། ཁྲུང་ཆིན་གྲོང་ཁྱེར་གྱི་དམར་ཤོག་དྲུང་ཆེ་ཟུར་པ་བཅས་ཡིན་ཞིང་། ཐོག་མར་ཁོང་ལ་ཕྱི་ལོ་༢༠༡༧ ལོའི་ཕྱི་ཟླ་༧ པའི་ནང་། གོ་དབང་བེད་སྤྱོད་ལོག་པར་བྱས་ནས་ཁེ་ཕན་སྐྲུན་པ་དང་། ཁྲིམས་འགལ་ཐོག་ནས་ལྐོག་བརྔན་ཕོན་ཆེན་བླངས་པ་བཅས་ཀྱི་ཉེས་འཛུགས་བྱུང་ནས་ཞིབ་བཤེར་བྱེད་འགོ་བཙུགས་ཡོད་པ་དང་། ལོ་དེའི་ཕྱི་ཟླ་༧ པའི་ཕྱི་ཚེས་༡༥ ཉིན་སུན་ཀྲིང་ཚའེ་ཁྲུང་ཆིན་དམར་ཤོག་ཚོགས་པའི་དྲུང་ཆེའི་ལས་གནས་ནས་ཕུད་དེ་ཆཱེན་མེན་ཨེར་(Chen Miner) ཁོང་གི་ཚབ་ཏུ་བསྐོ་བཞག་བྱས་རྗེས། ལོ་དེའི་ཕྱི་ཟླ་༩ པའི་ནང་ཁོང་དམར་ཤོག་ཚོགས་པ་ནས་གནས་དབྱུང་བཏང་ཡོད་འདུག

སུན་ཀྲིན་ཚའེ་ནི་རྒྱ་ནག་གི་སྲིད་འཛིན་ཟུར་པ་ཧུའུ་ཅིན་ཐའོ་དང་སྲིད་བློན་ཟུར་པ་ཝུན་ཅ་པའོ་སོགས་ཀྱིས་སྐྱེད་སྲིང་བྱས་པའི་རེ་བཞག་ཅན་གྱི་དཔོན་རིགས་ཤིག་ཡིན་འདུག་པ་དང་། དེ་སྔོན་ཁོང་གི་ཚབ་ལ་གསར་དུ་བསྐོ་བཞག་བྱས་པའི་ཁྲུང་ཆིན་དམར་ཤོག་དྲུང་ཆེ་ཆེན་མེན་ཨེར་ནི་ད་ལྟའི་སྲིད་འཛིན་ཞི་ཅིན་ཕིན་གྱིས་ཆ་འཇོག་བྱེད་ཡུལ་ཞིག་ཡིན་འདུག

ཞི་ཅིན་ཕིང་ཕྱི་ལོ་༢༠༡༢ ལོར་རྒྱ་ནག་གི་སྲིད་འཛིན་ཆགས་ནས་བཟུང་། རུལ་སུངས་ལ་རྒོལ་རྡུང་ཤུགས་ཆེན་པོ་བྱས་ནས་ལས་བྱེད་ས་ཡ་གཅིག་ལྷག་ལ་རུལ་སུངས་ཀྱི་གནད་དོན་གྱི་ཐོག་ནས་གནས་དབྱུང་བཏང་བ་དང་། བཙོན་འཇུག་བྱས་པ་སོགས་ཀྱི་ཐོག་ནས་ཆད་པ་བཅད་ཡོད་འདུག་ཀྱང་། དཔྱད་བརྗོད་པ་ཁག་ཅིག་གིས་ཞི་ཅིན་ཕིན་གྱིས་རུལ་སུངས་རྒོལ་རྡུང་བེེད་སྤྱོད་བྱས་ནས་ཆབ་སྲིད་ཀྱི་ཐོག་ནས་ཁ་གཏད་དུ་གྱུར་པའི་དཔོན་རིགས་རྣམས་དང་། ཁོ་རང་གི་གོ་དབང་ལ་དོ་ཕོག་གཏོང་མཁན་རྣམས་འབུར་འཇོམས་བྱེད་ཀྱི་ཡོད་སྐོར་གླེང་བཞིན་ཡོད་པ་རེད། །

གསར་འགོད་པ་བཀྲ་ཤིས་དོན་གྲུབ།

Share this:
༤༡ ཀློག་གྲངས།