ཊོམ་གྱིས་ཨི་རན་རྡུལ་མཚོན་གྲོས་མཐུན་ནས་ཕྱིར་འཐེན་བྱས་འདུག

ཨ་རིའི་མཐུན་ཕྱོགས་རྒྱལ་ཁབ་ཁག་གིས། ཨ་རིའི་སྲིད་འཛིན་ཊོམ་ལ་རེ་སྐུལ་བསྟུད་མར་བྱས་ཀྱང་གྲུབ་འབྲས་མ་ཐོན་པར། ཨི་རན་རྡུལ་མཚོན་གྲོས་མཐུན་ནས་ཨ་རིས་ཕྱིར་འཐེན་བྱ་རྒྱུའི་གསལ་བསྒྲགས་བྱས་འདུག་པ་དང་། མཐུན་ཕྱོགས་རྒྱལ་ཁབ་གཞན་ཚོས་ཨ་རི་མེད་པའི་ཐོག་ནས་གྲོས་མཐུན་དེ་གནས་ཆེད་མུ་མཐུད་ཤུགས་སྣོན་རྒྱག་རྒྱུ་ཡིན་སྐོར་བསྒྲགས་འདུག

ཟླ་༥ པའི་ཚེས་༩ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཕྱི་ལོ་༢༠༡༥ ལོར་ཨི་རན་རྒྱལ་ཁབ་ཀྱིས་རྡུལ་མཚོན་བཟོ་སྐྲུན་ལས་གཞི་མཚམས་འཇོག་ཡོང་ཆེད་དང་། དཀྱིལ་ཤར་ཡུལ་གྲུའི་ནང་མཚོན་ཆ་མཁོ་སྒྲུབ་ཀྱི་འགྲན་སྡུར་དང་དམག་འཁྲུག་གི་ཉེན་ཚབས་ཆུང་དུ་གཏོང་ཆེད། ཨ་རི་དང་དབྱིན་ཡུལ། ཧྥ་རན་སི། འཇར་མན། རྒྱ་ནག ཨུ་རུ་སུ་བཅས་དང་ཨི་རན་བར་གྲོས་མཐུན་ཞིག་བཞག་ནས་མིང་རྟགས་བཀོད་ཡོད་པ་དང་། དེའི་ནང་ཨི་རན་གྱིས་ལོ་༡༥ བར་རྡུལ་མཚོན་བཟོ་སྐྲུན་མཚམས་འཇོག་བྱ་རྒྱུ་དང་། རྡུལ་མཚོན་བཟོ་སྐྲུན་དགོས་མཁོ་ཆེ་བའི་གཏེར་ཁ་ཡུ་རན་ནེམ་གསོག་འཇོག་ཚད་བཀག་བཟོ་རྒྱུ་ཁས་ལེན་བྱེད་དགོས་པ་དང་། དེ་དང་བསྟུན་ནས་ཨ་རི་དང་ཡུ་རོབ་མཐུན་ཚོགས་ཀྱིས་ཨི་རན་ལ་བཀལ་བའི་དཔལ་འབྱོར་ཉེས་ཆད་ཕྱིར་འཐེན་བྱ་རྒྱུ་ཁས་ལེན་བྱས་ཡོད་པ་རེད་འདུག་ཀྱང་། ཨ་རིའི་སྲིད་འཛིན་དུ་ཌོ་ནལ་ཊོམ་བདམས་ཐོན་བྱུང་བ་ནས་བཟུང་། གྲོས་མཐུན་དེ་ནི་ནོར་འཁྲུལ་ཅན་ཞིག་ཡིན་པ་དང་། དེ་བཟོ་བཅོས་མ་བྱས་ཚེ་ཨ་རི་ཕྱིར་འཐེན་བྱ་རྒྱུའི་སྡིགས་ར་ཐེངས་མང་བསྐུལ་ཡོད་པ་ལྟར། ཟླ་༥ པའི་ཚེས་༨ ཉིན་སྲིད་འཛིན་ཊོམ་གྱིས་མཐུན་ཕྱོགས་རྒྱལ་ཁབ་ཁག་གི་རེ་སྐུལ་ལ་མ་ལྟོས་པར། ཨ་རི་གྲོས་མཐུན་དེ་ནས་ཕྱིར་འཐེན་བྱ་རྒྱུའི་གསལ་བསྒྲགས་བྱས་འདུག

དེ་ཡང་སྲིད་འཛིན་ཊོམ་གྱིས་གྲོས་མཐུན་དེའི་རྨང་གཞི་སྐྱོན་ཆ་ལྡན་པ་ཞིག་ཡིན་པས། ཨ་རིས་གྲོས་མཐུན་ནས་ཕྱིར་འཐེན་བྱ་རྒྱུ་ཡིན་སྐོར་བསྒྲགས་འདུག་པ་དང་། ཨ་རིའི་ཕོ་བྲང་དཀར་པོ་ནས་སྲིད་འཛིན་ཊོམ་གྱི་གསལ་བསྒྲགས་རྗེས་སུ། སྲིད་འཛིན་ནས་ཨི་རན་ལ་དཔལ་འབྱོར་ཉེས་ཆད་བསྐྱར་དུ་གཏོང་རྒྱུའི་གྲ་སྒྲིག་བྱེད་དགོས་པའི་བཀའ་ཁྱབ་བཏང་ཡོད་པ་དང་། ཉེས་ཆད་དེ་ཡང་ཨི་རན་གྱི་རྡོ་སྣུམ་དང་། རིན་ཐང་གི་ལྕགས་རིགས་ཚོང་འབྲེལ། ཨི་རན་གཞུང་གིས་ཨ་སྒོར་ཉོ་བའི་ཚོང་འབྲེལ་སོགས་ལ་དགལ་རྒྱུ་ཡིན་སྐོར་བསྒྲགས་ཡོད་འདུག དེ་བཞིན་ཨི་རན་དང་ཚོང་འབྲེལ་བྱེད་མཁན་ཡུ་རོབ་ཀྱི་ཚོང་ལས་ཁང་ཚོས། ཟླ་བ་༦ ནང་ཚུད་དུ་ཚོང་འབྲེལ་མཇུག་བསྒྲིལ་མ་བྱས་ཚེ། ཨ་རི་ནས་དཔལ་འབྱོར་ཉེས་ཆད་འཕོག་རྒྱུ་ཡིན་འདུག

ཨི་རན་རྡུལ་མཚོན་གྲོས་མཐུན་ནས་ཨ་རིས་ཕྱིར་འཐེན་བྱ་རྒྱུའི་གསལ་བསྒྲགས་བྱས་ཟིན་ཡང་། གྲོས་མཐུན་དེར་མིང་རྟགས་བཀོད་མཁན་སྟོབས་ཆེན་རྒྱལ་ཁབ་གཞན་རྣམས་ཀྱིས་མུ་མཐུད་ནས་གྲོས་མཐུན་དེའི་ནང་གི་ཆ་རྐྱེན་རྣམས་ལག་བསྟར་བྱ་རྒྱུའི་གསལ་བསྒྲགས་བྱས་འདུག  ཨི་རན་གྱི་སྲིད་འཛིན་ཧཱ་སེན་རའུ་ནཱི་ཡིས། ཕྱི་འབྲེལ་ལས་ཁང་ལ་ཡུ་རོབ་ཀྱི་རྒྱལ་ཁབ་ཁག་དང་རྒྱ་ནག ཨུ་རུ་སུ་བཅས་དང་འབྱུང་འགྱུར་གྱི་བདུན་ཕྲག་ནང་གྲོས་མོལ་བྱེད་དགོས་པའི་བཀོད་ཁྱབ་བཏང་ཟིན་པ་དང་། གལ་སྲིད་གྲོས་མཐུན་གྱི་དམིགས་ཡུལ་འགྲུབ་ཐུབ་ཚེ། ཨ་རི་མེད་པར་གྲོས་མཐུན་དེ་མུ་མཐུད་གནས་རྒྱུ་ཡིན་སྐོར་བསྒྲགས་འདུག

གྲོས་མཐུན་དེར་མིང་རྟགས་བཀོད་མཁན་གྱི་རྒྱལ་ཁབ་གཞན་ཚོས། སྲིད་འཛིན་ཊོམ་གྱི་ཐག་གཅོད་དེར་བློ་འཕམ་ཡོད་སྐོར་བསྒྲགས་འདུག་ཀྱང་། ཨི་ཛེ་རིལ་དང་ཨི་རན་གྱི་ཁ་གཏད་གཙོ་བོ་སུ་ཌེ་ཨ་རབ་གཉིས་ཀྱིས། ཊོམ་གྱི་ཐག་གཅོད་དེར་རྒྱབ་སྐྱོར་དང་དགའ་བསུ་ཡོད་སྐོར་བསྒྲགས་འདུག  དེ་བཞིན་སྐབས་སྔོན་མའི་ཨ་རིའི་སྲིད་འཛིན་ཟུར་པ་ཨོ་བྷ་མས་ངོ་དེབ་ཐོག་ཏུ། གྲོས་མཐུན་དེ་གྲུབ་འབྲས་ཐོན་བཞིན་ཡོད་པ་དང་། ཨ་རིའི་ཁེ་དབང་ལ་སྲུང་སྐྱོབ་བྱས་ཡོད་པ། གྲོས་མཐུན་དེ་ནས་ཕྱིར་འཐེན་བྱས་པ་དེ་ནི་ཨ་རིའི་མཐུན་ཕྱོགས་རྒྱལ་ཁབ་ཁག་ལ་རྒྱབ་གཏད་བྱས་པ་ཡིན་སྐོར་བྲིས་ཡོད་པ་རེད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།

Share this:
༡༡༢༤ ཀློག་གྲངས།