ཀེམ་ཇོང་ཨན་དང་ཞི་ཅིན་ཕིང་གཉིས་ཐུག་འཕྲད་ཐེངས་གཉིས་པ།

ཨ་རི་དང་བྱང་ཀོ་རི་ཡའི་ཆེས་མཐོའི་དཔོན་རིགས་ལྷན་ཚོགས་ཤིག་འཚོག་ལ་ཉེ་བའི་གོང་དུ། ཀེམ་ཇོང་ཨན་རྒྱ་ནག་ཏུ་བསྐྱོད་པ་འདི་ནི་ལམ་སྟོན་ཞུ་ཕྱིར་སོང་བ་ཡིན་སྲིད་སྐོར་འདུག

ཟླ་འདིའི་ཕྱི་ཚེས་༩ ཉིན་རྒྱལ་སྤྱིའི་གསར་ལམ་ཁག་ཏུ་གནས་ཚུལ་སྤེལ་བ་ལྟར་ན། བྱང་ཀོ་རི་ཡའི་འགོ་ཁྲིད་ཀེམ་ཇོང་ཨན་སྒེར་གྱི་གནམ་གྲུ་བརྒྱུད་དེ། ཟླ་འདིའི་ཕྱི་ཚེས་༧ ཉིན་རྒྱ་ནག་བྱང་ཤར་གྱི་གྲོང་ཁྱེར་ཏའེ་ལན་དུ་བསྐྱོད་ནས་དེ་གར་ཉིན་གཉིས་རིང་། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་དང་ཐུག་འཕྲད་ཀྱིས་རྒྱ་ནག་དང་ཀོ་རི་ཡའི་བར་གྱི་འབྲེལ་བ་དང་། ཕྱོགས་གཉིས་ཐུན་མོང་གིས་དོ་ཁུར་བྱེད་དགོས་པའི་གལ་ཆེའི་གནད་དོན་རྣམས་ཀྱི་ཐོག་བསམ་ཚུལ་བརྗེ་ལེན་བྱས་ཡོད་འདུག་པ་མ་ཟད།  ཞི་ཅིན་ཕིང་གིས་ཀེམ་ཇོང་ཨན་ལ་དགའ་བསུའི་གསོལ་སྟོན་བཤམས་པ་དང་། མཚོ་འགྲམ་ཞིག་ཏུ་གཉིས་ཀ་མཉམ་དུ་སྤྲོ་འཆམ་ལ་བསྐྱོད་པ། དེ་བཞིན་ཞིས་རྒྱ་ནག་གི་ཕྱོགས་ནས་བྱང་ཀོ་རི་ཡའི་མཚོ་གླིང་ཁུལ་ནས་རྡུལ་མཚོན་ཕྱིར་འཐེན་བྱས་པར་རྒྱབ་སྐྱོར་ཡོད་པ་དང་། ཨ་རི་དང་བྱང་ཀོ་རི་ཡ་གཉིས་གྲོས་མོལ་གྱི་ལམ་ནས་ཀོ་རི་ཡའི་མཚོ་གླིང་ཁུལ་གྱི་གནད་དོན་ཐག་གཅོད་བྱེད་དགོས་སྐོར་བཅས་བརྗོད་ཡོད་འདུག

གནད་དོན་འདིའི་ཐོག་ཀེམ་ཇོན་ཨུན་གྱིས། ཇི་སྲིད་དུ་འབྲེལ་ཡོད་ཤོག་ཁག་ཚོས་བྱང་ཀོ་རི་ཡའི་སྲིད་གཞུང་ལ་དགྲར་འཛིན་གྱི་སྲིད་ཇུས་དང་བདེ་འཇགས་འཇིགས་སྣང་མེད་པ་བཟོས་ཚེ་རྡུལ་མཚོན་ཕྱིར་འཐེན་བྱེད་རྒྱུའི་འདོད་པ་ཡོད་ཅེས་བརྗོད་ཡོད་འདུག

ད་ཐེངས་ཀྱི་ཕྱོགས་བསྐྱོད་འདི་ནི་འདས་པའི་ཟླ་ངོ་གཉིས་རིང་ཀེམ་ཇོང་ཨན་རྒྱ་ནག་ཏུ་ཕྱིན་པ་ཐེངས་གཉིས་པ་དེ་ཆགས་ཀྱི་ཡོད་པ་དང་། ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་དང་ཁོ་རང་གཉིས་གྲོས་མོལ་ཆེད་ཐུག་འཕྲད་བྱེད་ལ་ཉེ་བའི་སྐབས་སུ་ཁེལ་བ་ཞིག་ཀྱང་ཡིན་པ་རེད།

ཀེམ་ཇོང་ཨན་གྱི་ཕྱོགས་བསྐྱོད་འདིའི་ཐོག བྱང་ཀོ་རི་ཡར་ཡོད་པའི་དབྱིན་ཇིའི་རྒྱལ་ཁབ་ཀྱི་དོན་གཅོད་ཁང་གི་སྐུ་ཚབ་ཟུར་པ་ཇཱིམ་ཧོ་རེས། ཀེམ་ཇོང་ཨན་དང་ཌོ་ནལ་ཊོམ་གཉིས་དངོས་སུ་ཐུག་འཕྲད་ཀྱིས་ཆེས་མཐོའི་དཔོན་རིགས་ལྷན་ཚོགས་ཤིག་འཚོག་ལ་ཉེ་བའི་གོང་དུ། ཀེམ་ཇོང་ཨན་རྒྱ་ནག་ཏུ་བསྐྱོད་པ་འདི་ནི་ལམ་སྟོན་ཞུ་ཕྱིར་སོང་བ་ཡིན་སྲིད་སྐོར་བརྗོད་དོན་དུ་“ཀེམ་ཇོང་ཨན་བསླབ་བྱ་དང་། རྒྱབ་སྐྱོར། བློ་སྤོབས་བཅས་ལ་དམིགས་ནས་རྒྱ་ནག་ཏུ་ཕྱིན་པ་རེད་”ཅེས་སེ་ཨན་ཨན་གསར་ཁང་ལ་བརྗོད་ཡོད་འདུག

སྤྱིའི་ཆ་ནས་རྒྱ་ནག་དང་བྱང་ཀོ་རི་ཡའི་བར་ལ་མཐུན་ཕྱོགས་རྒྱལ་ཁབ་ཁག་གི་འབྲེལ་ལམ་དུས་ཡུན་རིང་པོར་ཡོད་མིན་ལ་མ་ལྟོས་པར། ཕྱི་ལོ་༢༠༡༡ ལོར་ཀེམ་ཇོང་ཨན་བྱང་ཀོ་རི་ཡའི་འགོ་ཁྲིད་དུ་སླེབས་རྗེས་ནས་ཕྱོགས་གཉིས་བར་གྱི་འབྲེལ་ལམ་བསྲ་བརྟན་མེད་པ་ཆགས་ཡོད་སྐོར་འདུག་ཀྱང་། ཁ་སང་ཕྱི་ཚེས་༨ ཉིན་བྱང་ཀོ་རི་ཡའི་གཞུང་འབྲེལ་གྱི་བརྒྱུད་ལམ་ཐོག་ཕྱོགས་གཉིས་ཀྱི་འབྲེལ་ལམ་ཐད་བསྔགས་བརྗོད་བྱས་ཡོད་འདུག་པ་མ་ཟད། རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་ཤིན་ཧཱ་གསར་ཁང་ཐོག་ཀྱང་ཕྱོགས་གཉིས་ཀྱི་འབྲེལ་ལམ་ཐད་བསྔགས་བརྗོད་བྱས་ཡོད་འདུག

ཞི་ཅིན་ཕིང་གིས་ཀེམ་ཇོང་ཨན་རྒྱ་ནག་ཏུ་ཡང་བསྐྱར་ཡོང་བར་དགའ་པོ་བྱུང་སྐོར་དང་། དེས་བྱང་ཀོ་རི་ཡའི་འགོ་ཁྲིད་ཀྱིས་ཕྱོགས་གཉིས་ཀྱི་འབྲེལ་ལམ་དེེ་གལ་ཆེའི་རང་བཞིན་དུ་ངོས་འཛིན་གྱི་ཡོད་པ་སྟོན་གྱི་ཡོད་སྐོར་ཡང་བརྗོད་ཡོད་འདུག །

གསར་འགོད་པ་བཀྲ་ཤིས་དོན་གྲུབ།

Share this:
༣༥ ཀློག་གྲངས།