མཱ་ལེ་ཤི་ཡ་ལོ་ངོ་༦༠ རིང་དབང་སྒྱུར་བྱེད་མཁན་སྲིད་དོན་ཚོགས་པས་འོས་ཤོར་འདུག

མཱ་ལེ་ཤི་ཡའི་རྒྱལ་ཡོངས་འོས་བསྡུའི་གྲུབ་འབྲས་སུ། ལོ་ངོ་༦༠ ཡི་རིང་རྒྱལ་ཁབ་དེའི་འཛིན་སྐྱོང་དབང་སྒྱུར་བྱེད་མཁན་རྒྱལ་ཡོངས་འཐབ་ཕྱོགས་ཞེས་པའི་ཟླ་སྒྲིལ་སྲིད་དོན་ཚོགས་པ་དེ་ཧེ་བག་ཆེན་པོའི་ཐོག་ནས་འོས་ཤོར་འདུག་པ་དང་། མི་སེར་མང་པོས་དགའ་བསུ་དང་རེ་བ་གསར་པ་རྒྱག་བཞིན་ཡོད་འདུག

ཟླ་༥ པའི་ཚེས་༡༠ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཟླ་༥ པའི་ཚེས་༩ ཉིན་མཱ་ལེ་ཤི་ཡའི་ནང་དུ་རྒྱལ་ཡོངས་གྲོས་ཚོགས་འོས་བསྡུ་དང་། མངའ་སྡེ་ཁག་གི་གྲོས་ཚོགས་འོས་བསྡུ་བྱས་ཡོད་པ་དང་། གྲུབ་དོན་དུ་རེ་བའི་མཐུན་ཕྱོགས་ཞེས་པའི་ཟླ་སྒྲིལ་གྱི་སྲིད་དོན་ཚོགས་པར། རྒྱལ་ཡོངས་ཀྱི་གྲོས་ཚོགས་ནང་རྐུབ་སྟེགས་༡༡༣ ཐོབ་ནས། འཛིན་སྐྱོང་བྱེད་པར་དགོས་ངེས་ཀྱི་རྐུབ་སྟེགས་གྲངས་༡༡༢ ལོན་ནས། དེ་སྔོན་ཕྱི་ལོ་༡༩༥༧ ལོར་དབྱིན་ཡུལ་ནས་རང་བཙན་ཐོབ་ནས་བཟུང་། ད་བར་རྒྱལ་ཁབ་དེར་འཛིན་སྐྱོང་བྱེད་མཁན་རྒྱལ་ཡོངས་འཐབ་ཕྱོགས་ཟླ་སྒྲིལ་སྲིད་དོན་ཚོགས་པར་གྲོས་ཚོགས་ནང་རྐུབ་སྟེགས་༧༩ མ་གཏོགས་ཐོབ་མེད་པས། ལོ་ངོ་༦༠ ཡི་ནང་ཐེངས་དང་པོར་སྲིད་དོན་ཚོགས་པ་གསར་པ་ཞིག་གིས་རྒྱལ་ཁབ་དེར་འཛིན་སྐྱོང་བྱ་རྒྱུ་ཡིན་འདུག དེའི་ཐོག་རྒྱལ་ཡོངས་འཐབ་ཕྱོགས་ཟླ་སྒྲིལ་ཚོགས་པར་མངའ་སྡེ་༡༢ ནས་༨ ཀྱི་གྲོས་ཚོགས་ནང་མང་མོས་ཐོབ་མེད་པ་རེད་འདུག

དེ་ཡང་འོས་བསྡུའི་རྒྱལ་ཁ་ཐོབ་མཁན་གྱི་རེ་བའི་མཐུན་ཕྱོགས་སྲིད་དོན་ཚོགས་པ་དེའི་སྲིད་བློན་གྱི་འོས་མི་མཱ་ཧཱ་ཌེར་ནི། འོས་བསྡུ་ཤོར་མཁན་གྱི་རྒྱལ་ཡོངས་འཐབ་ཕྱོགས་ཟླ་སྒྲིལ་སྲིད་དོན་ཚོགས་པའི་འགོ་ཁྲིད་ཟུར་པ་ཡིན་འདུག་པ་དང་། ཕྱི་ལོ་༡༩༨༡ ནས་༢༠༠༣ བར་རྒྱལ་ཁབ་དེའི་སྲིད་བློན་བྱས་རྗེས་རྒན་ཡོལ་ཞུས་ཡོད་འདུག འོན་ཀྱང་ཉེ་བའི་ལོ་ཤོས་སྔོན་ནས་འཛིན་སྐྱོང་སྲིད་དོན་ཚོགས་པའི་འགོ་ཁྲིད་དང་སྲིད་བློན་ནཱ་ཇེབ་ལ་ལྐོག་ཟ་རུལ་སུངས་ཀྱི་རྙོག་གྲ་མང་པོ་བྱུང་སྐབས། ཕྱི་ལོ་༢༠༡༦ ལོར་ཁོང་གིས་འཛིན་སྐྱོང་སྲིད་དོན་ཚོགས་པར་ངོ་རྒོལ་བྱས་ཏེ། རེ་བའི་མཐུན་ཕྱོགས་སྲིད་དོན་ཚོགས་པར་འཛུལ་ཡོད་པ་དང་། དེ་རྗེས་ཕྱི་ལོ་༢༠༡༨ ལོར་སྲིད་དོན་ཚོགས་པ་དེའི་སྲིད་བློན་འོས་མིའི་ངོ་བོའི་ཐོག་ནས་འོས་འགྲན་བྱ་རྒྱུའི་གསལ་བསྒྲགས་བྱས་ཡོད་འདུག

ཐེངས་འདིར་མཱ་ལེ་ཤི་ཡའི་རྒྱལ་ཡོངས་འོས་བསྡུ་གྲུབ་དོན་དེར་ཤུགས་རྐྱེན་གཙོ་བོ་སྤྲོད་མཁན་དེ་ཡང་ཁོང་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་འདུག་པ་དང་། ཁོང་ལོ་ན་༩༢ ལ་སོན་གྱི་ཡོད་པས། འཛམ་གླིང་ནང་བདམས་ཐོན་བྱུང་བའི་འགོ་ཁྲིད་ལོ་ན་མཐོ་ཤོས་དེ་ཆགས་ཀྱི་ཡོད་འདུག

མི་སེར་མང་པོ་ཞིག་གིས་འཛིན་སྐྱོང་བྱེད་མཁན་གཞུང་གསར་པ་དེས། རྒྱལ་ནང་དུ་དྲང་བདེན་དང་རང་དབང་། ཆིག་སྒྲིལ་སོགས་ཀྱི་ཐོག་ནས་འཛིན་སྐྱོང་བྱེད་པའི་རེ་བ་ཆེན་པོ་རྒྱག་གི་ཡོད་པ་དང་། ཐེངས་འདིའི་འོས་བསྡུའི་གྲུབ་དོན་ནི་ལོ་རྒྱུས་ཀྱི་རང་བཞིན་ལྡན་པ་ཡིན་སྐོར་གྱི་འཕྲིན་ཐུང་སྤྱི་ཚོགས་བརྒྱུད་ལམ་ཁག་ཏུ་ཁྱབ་བཞིན་ཡོད་འདུག

འོས་བསྡུ་ཤོར་མཁན་ནཱ་ཇེབ་ཀྱིས་མི་མང་གི་མངོན་འདོད་ལ་གུས་བརྩི་བྱས་ནས་འོས་བསྡུའི་གྲུབ་འབྲས་ཁས་ལེན་བྱེད་ཀྱི་ཡོད་སྐོར་བརྗོད་འདུག་པ་དང་། འོས་ཐོབ་པ་མཱ་ཧཱ་ཌེར་གྱིས། འོས་ཤོར་པ་ནཱ་ཇེབ་ལ་ལྐོག་ཟ་རུལ་སུངས་ཀྱི་རྙོག་གྲ་དང་འབྲེལ་ནས་སུན་གཙེར་བཟོ་རྒྱུ་མིན་ཁར། ཁོང་གི་སྲིད་དོན་ཚོགས་པའི་ལས་འགན་གཙོ་བོ་ནི་རྒྱལ་ཁབ་དེ་ཁྲིམས་ཀྱི་དབང་སྒྱུར་ཡོད་པ་བཟོ་རྒྱུ་དེ་ཡིན་སྐོར་བརྗོད་འདུག

མཱ་ལེ་ཤི་ཡའི་འོས་བསྡུ་ལས་ཁང་གིས་རྒྱལ་ནང་དུ་འོས་ཤོག་འཕེན་པའི་ཆ་རྐྱེན་ཚང་མཁན་མི་མང་ས་ཡ་༡༤.༣ ནས། འོས་འཕེན་མཁན་བརྒྱ་ཆ་༧༦ བྱུང་ཡོད་འདུག་པ་དང་། དེ་ནི་ཕྱི་ལོ་༢༠༡༣ ལོའི་འོས་བསྡུའི་སྐབས་འོས་འཕེན་པ་བརྒྱ་ཆ་༨༥ བྱུང་བ་ལས་ཉུང་བ་ཡིན་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།

 

Share this:
༡༣༠༡ ཀློག་གྲངས།