བོད་མི་ཚོས་འཕྲལ་ཕུགས་གཉིས་ལས་ཕུགས་ལ་གྲ་སྒྲིག་དགོས་སྐོར་གསུངས།

ནམ་ཞིག་ལ་རྒྱ་ནག་དམར་ཤོག་ཚོགས་པ་འཐོར་ཞིག་འགྲོ་ངེས་ཡིན་སྟབས། བོད་མི་ཚོས་འཕྲལ་ཕུགས་གཉིས་ལས་ཕུགས་རྒྱང་རིང་པོའི་ཆེད་ད་ལྟ་ནས་གྲ་སྒྲིག་བྱེད་དགོས་སྐོར་ཡུ་རོབ་གྲོས་ཚོགས་འཐུས་མིའི་སྐུ་ཚབ་སཱ་བྷ་སོ་གོར་གྱིས་གསུངས་སོང་།

ཟླ་འདིའི་ཕྱི་ཚེས་༡༠ ཉིན་གྱི་སྔ་དྲོར་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་གོ་སྒྲིག་འོག དྷ་ས་གངས་སྐྱིད་བཀའ་ཤག་གི་ཚོགས་ཁང་དུ། སྐུ་ཞབས་ཐཱོ་མ་སི་མན་གྱིས་སྣེ་ཁྲིད་དེ་དྷ་ས་རུ་འཚམས་གཟིགས་སུ་ཕེབས་པའི་ཡུ་རོབ་གྲོས་ཚོགས་འཐུས་མི་གསུམ་ལས་གྲུབ་པའི་སྐུ་ཚབ་ཚོགས་ཆུང་གིས་གསལ་འགོད་གསལ་བསྒྲགས་ཤིག་སྤེལ་སོང་ཞིང་། སྐབས་དེར་སྦར་སེལ་སྐུ་ཚབ་དོན་གཅོད་བཀྲ་ཤིས་ཕུན་ཚོགས་ཀྱང་མཉམ་ཞུགས་གནང་སོང་།

དེ་ཡང་གསར་འགོད་གསལ་བསྒྲགས་སྐབས་ཐོག་མར་གྲོས་ཚོགས་འཐུས་མི་སྐུ་ཞབས་ཐཱོ་མ་སི་མན་(Thomas Mann) གྱིས“ང་ཚོ་ཡུ་རོབ་སྤྱི་མཐུན་ཚོགས་པས་༧ཏཱ་ལའི་བླ་མ་མཆོག་གིས་འདོན་གནང་བའི་དབུ་མའི་ལམ་གྱི་སྲིད་བྱུས་ལ་ཡིད་ཆེས་ཞུ་བཞིན་ཡོད། བོད་དང་ང་ཚོའི་བར་སེམས་ཐག་ཧ་ཅང་ཉེ་པོ་ཡོད་པ་བཤད་མ་དགོས་པ་རེད།  ཁ་སང་ཕྱི་ཟླ་༥ པའི་ཚེས་༩ ཉིན་ནི་ཡུ་རོབ་ཀྱི་ཉིན་མོ་ཁེལ་ཡོད་སྟབས་དམིགས་བསལ་ཉིན་མོ་དེར་ང་ཚོས་༸གོང་ས་ཏཱ་ལའི་བླ་མ་མཆོག་མཇལ་རྒྱུ་བྱུང་།”ཞེས་དང་། ༧གོང་ས་མཆོག་གིས་ཡུ་རོབ་ནང་གི་རང་དབང་དང་། དྲང་བདེན། འགྲོ་བ་མིའི་ཐོབ་ཐང་། དེ་བཞིན་དབུལ་པོར་རོགས་སྐྱོར་བྱས་པ་བཅས་ལ་བསྔགས་བརྗོད་གནང་བྱུང་སྐོར་དང་། དབུ་མའི་ལམ་ལ་བརྟེན་ནས་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་འཐོབ་རྒྱུའི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་ཇུས་ལ་རྒྱབ་སྐྱོར་ཡོད་སྐོར། རྒྱ་ནག་གཞུང་གིས་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་བརྡལ་བཤིག་གཏོང་བཞིན་པར་ངོ་རྒོལ་ཡོད་སྐོར་སོགས་བརྗོད་སོང་བ་མ་ཟད། ཁོང་དྷ་རམ་ས་ལར་ཐེངས་ལྔ་དྲུག་ཙམ་ཡོང་ཡོད་སྐོར་དང་། ཐེངས་གཅིག་ལ་བོད་མིའི་འོས་བསྡུའི་ལས་རིམ་སྐབས་དང་ཁེལ་ཡོད་སྟབས་མང་ཚོགས་རྣམས་ཀྱིས་ཆ་ཤས་ཡག་པོ་བླངས་པ་མཐོང་བྱུང་སྐོར། མི་རིང་བར་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་ཐོབ་རྒྱུ་རེ་བ་དང་རྒྱབ་སྐྱོར་ཡོད་སྐོར་བཅས་སོགས་གསུངས་སོང་།

དེ་རྗེས་ཡུ་རོབ་གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས་སཱ་བྷ་སོ་གོར་(CsabaSogor) གྱིས། ཁོ་རང་དེ་སྔོན་དམར་ཤོག་རྒྱལ་ཁབ་ཅིག་ནས་ཡོང་བ་ཡིན་སྟབས། རྒྱ་ནག་གི་དབང་སྒྱུར་འོག་བོད་མིར་དཀའ་ངལ་གང་ཡོད་ལ་ཤེས་རྟོགས་ཐུབ་ཀྱི་ཡོད་སྐོར་དང་། ནམ་ཞིག་ལ་རྒྱ་ནག་དམར་ཤོག་ཚོགས་པ་འཐོར་ཞིག་འགྲོ་ངེས་པ་ཡིན་སྟབས། བོད་མི་ཚོས་འཕྲལ་ཕུགས་གཉིས་ལས་ཕུགས་རྒྱང་རིང་པོའི་ཆེད་ད་ལྟ་ནས་གྲ་སྒྲིག་བྱེད་དགོས་སྐོར་སོགས་གསུངས་སོང་།

དེ་རྗེས་སྐུ་ཞབས་ར་མོན་ཏྲི་མོ་ས་(Ramon Tremosa)ཡིས་“ང་རང་བོད་མིའི་གྲོགས་པོ་ཞིག་ཡིན་པའི་རྒྱུ་མཚན་གྱི་ཐོག་ནས་ངས་བོད་ལ་རང་བཙན་དགོས་རེད་ཅེས་ཞུ་མ་ཐུབ་ཀྱང་། བོད་མི་ཚོར་རང་དབང་དང་དྲང་བདེན། འགྲོ་བ་མིའི་ཐོབ་ཐང་སོགས་ངེས་པར་དུ་དགོས།  མང་གཙོ་དང་རང་དབང་སོགས་ཀྱི་རིན་ཐང་གི་ཆེད་འཐབ་རྩོད་བྱེད་དགོས་པ་རེད་མ་གཏོགས་ལག་ཐོག་ཏུ་རྔན་པ་སྤྲད་པ་ལྟ་བུ་སྤྲོད་མཁན་གཞན་སུ་ཡང་མེད།  གལ་ཏེ་ད་ལྟའི་གདུག་རྩུབ་ཅན་གྱི་སྲིད་གཞུང་དེ་ཚོས་བྱེད་སྟངས་ལ་ང་ཚོས་ངོ་རྒོལ་མ་བྱས་ཚེ་མི་རབས་གསར་རྙིང་བརྗེས་ཟིན་པའི་རྗེས་སུ་སླར་ཡང་མི་རབས་གསར་པ་ཚོས་རང་དབང་དང་མང་གཙོ་སོགས་ཀྱི་ཆེད་འཐབ་རྩོད་བྱེད་དགོས་པ་ཆགས་རྒྱུ་རེད། དེར་བརྟེན་མི་རབས་རྗེས་མ་ཚོས་རང་དབང་དང་དྲང་བདེན། མང་གཙོ་བཅས་ཀྱི་ཐོབ་ཐང་ལོངས་སུ་སྤྱོད་ཐུབ་ཆེད་ང་ཚོས་མུ་མཐུད་རིན་ཐང་དེ་དག་གི་ཕྱིར་དུ་འཐབ་རྩོད་བྱེད་དགོས་རེད་”ཅེས་སོགས་གསུངས་སོང་། །

གསར་འགོད་པ་བཀྲ་ཤིས་དོན་གྲུབ།

Share this:
༢༦༠ ཀློག་གྲངས།