བཙན་བྱོལ་བོད་མིའི་ལག་ཤེས་སྦྱོང་བརྡར་ཁང་ཁག་གི་ཚོགས་འདུ་ཐེངས་དང་པོ།

བོད་མིའི་སྒྲིག་འཛུགས་ནང་སྲིད་ན་གཞོན་རོགས་སྐྱོར་ཚན་པའི་གོ་སྒྲིག་འོག རྒྱ་བལ་གཉིས་ནས་བཙན་བྱོལ་བོད་མིའི་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ལག་ཤེས་སྦྱོང་བརྡར་ཁག་ནས་མི་༡༩ མཉམ་ཞུགས་ཀྱིས་གྲོས་གཞི་ཁག་ལྔའི་ཐོག་ཚོགས་འདུ་འཚོག་བཞིན་འདུག

ཟླ་འདིའི་ཕྱི་ཚེས་༡༡ ཉིན་གྱི་སྔ་དྲོར་བོད་མིའི་སྒྲིག་འཛུགས་ནང་སྲིད་ན་གཞོན་རོགས་སྐྱོར་ཚན་པའི་གོ་སྒྲིག་འོག དྷ་ས་གངས་སྐྱིད་ཕྱི་དྲིལ་གློག་ཀླད་ཚན་པའི་ཚོགས་ཁང་དུ། བཙན་བྱོལ་བོད་མིའི་ལག་ཤེས་སྦྱོང་བརྡར་ཁང་ཁག་གི་ཚོགས་འདུ་དང་པོ་དེ་འཚོགས་སོང་ཞིང་། ཚོགས་འདུ་དབུ་འབྱེད་མཛད་སྒོའི་སྐུ་མགྲོན་གཙོ་བོར་ནང་སྲིད་བཀའ་བློན་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་ཕེབས་འདུག

མཛད་སྒོའི་ཐོག་ནང་སྲིད་དྲུང་འཕར་ཤོ་ཟུར་ཚེ་དབང་སྒྲོལ་མས་ཚོགས་འདུ་ངོ་སྤྲོད་ཀྱི་གཏམ་བཤད་གནང་སོང་ཞིང་། སྐབས་དེར་མོས་“ད་རེས་ང་ཚོ་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པ་སྤྱི་ཡོངས་ཀྱིས་ཚོགས་འདུ་བསྐོང་བ་ཐེངས་དང་པོ་ཆགས་ཀྱི་ཡོད་རེད། འདིའི་དམིགས་ཡུལ་གཙོ་བོ་གང་ཡིན་ཟེར་ན། ང་ཚོ་དཔལ་ལྡན་བཀའ་ཤག་སྐབས་༡༥ པའི་ལས་གཞི་གལ་ཆེ་ཤོས་དེ་ལྔ་དང་ལྔ་བཅུ་ཡིན་པ་ཀུན་གྱིས་མཁྱེན་གསལ་རེད། དེར་བརྟེན་ང་ཚོས་ད་རེས་ཀྱི་ཚོགས་འདུ་འདི་ཡང་ལྔ་དང་ལྔ་བཅུ་ལ་འབྲེལ་བ་ཤུགས་ཆེན་པོ་ཆགས་ཡོད་རེད། གང་ཡིན་ཟེར་ན། ད་ལྟ་ང་ཚོས་ལས་ཀ་བྱེད་བཞིན་པ་དང་། མ་འོངས་པར་བཙན་བྱོལ་ལ་ལོ་༥༠ ལྷག་པ་ཡིན་ན། དེ་ལ་འཆར་སྣང་ག་འདྲ་ཡོད་མེད་གོ་བསྡུར་སྦྱང་བཤད་དང་། ལྷག་པར་དུ་རྣམ་པ་ཚོ་མང་པོ་ཞིག་ལ་ཉམས་མྱོང་ཆེན་པོ་ཡོད་དུས་གཞུང་འབྲེལ་ཡིན་ན་རེད། མིན་ན་རེད། གཅིག་གིས་གཅིག་ལ་ཕན་ཚུན་བསམ་ཚུལ་གོ་བསྡུར་ལྷུག་པོར་བྱ་རྒྱུ་དང་། སོ་སོའི་ཉམས་མྱོང་དེ་སྤེལ་རེས་བྱ་རྒྱུ་དེ་དམིགས་ཡུལ་གཙོ་བོ་ཞིག་ཡིན། དེ་ག་ནང་བཞིན་གལ་ཆེ་ཤོས་དེ་ང་ཚོའི་དམིགས་ཡུལ་གཅིག་དང་འཐབ་རྩོད་གཅིག་རེད། དེར་བརྟེན་དེ་ཚད་ལྡན་ཞིག་ཡོང་བར་ང་རང་ཚོས་ཤུགས་རྒྱག་རྒྱུ་དང་། དེར་ཉེན་ཁ་ག་རེ་འདུག་དེའི་ཐོག་གོ་བསྡུར་བྱ་རྒྱུ་དེ་གཙོ་བོ་གཅིག་ཆགས་ཀྱི་ཡོད་”ཅེས་དང་། སྐྱབས་བཅོལ་བོད་མི་དེ་“སྐྱབས་བཅོལ་བ་འདྲ་འདྲའི་ནང་ནས་མ་འདྲ་བ་འབུར་དུ་ཐོན་པ་ཞིག་ཡོད་པ་དེ་འཛམ་གླིང་གིས་མཁྱེན་གསལ་རེད། དེ་ག་རེ་བྱས་ནས་རེད་ཟེར་ན་གཙོ་ཆེ་ཤོས་༧རྒྱལ་བ་ཡིད་བཞིན་ནོར་བུའི་ཐུགས་རྗེ་བཀའ་དྲིན་དང་། བོད་མིའི་སྒྲིག་འཛུགས་ཀྱི་མཐུན་འགྱུར། ལྷག་པར་དུ་ཁོངས་སོ་སོའི་རམས་འདེགས། རོགས་ཚོགས་བཀའ་དྲིན་ཅན་རྣམས་ཀྱི་མཐུན་འགྱུར་བཅས་ལ་བརྟེན་ནས་ད་ལྟ་ང་ཚོ་ཧ་ལས་པ་ཚགས་ཚུད་པོ་ཆགས་ཡོད་རེད།”ཅེས་དང་། དེ་བཞིན་གཞིས་ཆགས་ཀྱི་གནས་བབས་ཉམས་ཆག་འགྲོ་བ་དང་རང་ཁ་རང་གསོ་མི་ཐུབ་པའི་རྒྱུ་མཚན་ནི་བོད་མི་བཙན་བྱོལ་བ་རྣམས་ལ་གཞན་རྟེན་གྱི་བསམ་བློ་ཆེ་དྲགས་པ་དང་། རྒྱལ་ཕྱི་ནང་གཉིས་སུ་གཞིས་སྤོས་བྱེད་བཞིན་པའི་གནས་སྟངས་ལ་ཐུག་གི་ཡོད་སྐོར་དང་། དེ་མ་ཡོང་བར་ཐབས་ལམ་ག་འདྲ་ཡོད་མེད་དང་། མ་འོངས་པར་བོད་མིའི་སྒྲིག་འཛུགས་ཀྱིས་སྤྱི་ཡོངས་ཀྱི་སྲིད་ཇུས་ག་འདྲ་ཞིག་འཛིན་དགོས་ཀྱི་ཡོད་མེད་ཐོག་དགོངས་པ་རྒྱ་ཆེན་པོ་བཞེས་དགོས་སྐོར་སོགས་གསུངས་སོང་།

དེ་རྗེས་མཛད་སྒོའི་སྐུ་མགྲོན་གཙོ་བོ་ནང་སྲིད་བཀའ་བློན་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་གྱིས་“ང་ཚོའི་སྤྱི་ཚོགས་ནང་ལ་ལག་ཤེས་ཀྱི་སྡེ་ཚན་དེ་རང་བཞིན་གྱིས་མེད་དུ་མི་རུང་བའི་སྦྱོང་བརྡར་བསྟི་གནས་ཁང་ཞིག་ཆགས་ཡོད་རེད། རེད་དེ་ལས་ཀ་མང་པོ་ཞིག་ནང་སྲིད་ཀྱིས་བྱེད་བསྡད་པ་དེ་ས་གནས་གཞན་གྱིས་བྱེད་ཀྱི་ཡོད་པའི་བཟོ་འདྲ་ཞིག གཅིག་གཅིག་ཕན་ཚུན་ནང་ཁུལ་ལ་ལས་དོན་བྱེད་ཕྱོགས་དང་། སློབ་སྦྱོང་སྤྲོད་ཕྱོགས་དེ་འདྲའི་ཐོག་འབྲེལ་བ་དེ་ཙམ་མེད་ནས་སོ་སོའི་སྡེ་ཚན་གྱིས་འཆར་ཅན་གང་བྱས་པ་དེར་སྣང་བ་དག་སྟེ་ཕན་ཚུན་འབྲེལ་བ་དེ་ཙམ་མེད་པ་འདྲ་པོ་ཞིག་འདུག འཛམ་བུ་གླིང་སྤྱིའི་ནང་འགྱུར་བ་ག་རེ་དང་ག་རེ་འགྲོ་ཡི་ཡོད་རེད། ཆབ་སྲིད་དང་གནས་སྟངས་ཀྱི་འགྱུར་བ་ཙམ་མ་ཡིན་པར་སྤྱི་ཚོགས་ཀྱི་གནས་སྟངས་ཁོ་རང་ལ་ཡང་འགྱུར་བ་ཤུགས་ཆེན་པོ་ཞིག་འགྲོ་ཡི་ཡོད་རེད། འགྱུར་བའི་གནས་སྟངས་དང་བསྟུན་ནས་སྐབས་དོན་སོ་སོའི་ཐོག་ལ་ང་རང་ཚོའི་ངོས་ནས་གསར་གཏོད་ཀྱི་རྣམ་པའི་ཐོག་ནས་ལས་གཞི་ག་རེ་ག་རེ་སྤེལ་དགོས་མིན་ཐོག་ལ་དགོངས་པ་བཞེས་མཁན་དེ་ཉུང་ཉུང་བྱས། འཆར་ཅན་གཅིག་བྱས་བསྡད་པ་དེ་རང་ལ་སྣང་བ་འདྲ་ཞིག་དག་ནས་བྱེད་བསྡད་པ་དེ་ཡོད་དུས། དེ་ཚོ་མ་ཡོང་བར་མ་འོངས་པར་སྡེ་ཚན་རྣམས་ཟླ་སྒྲིལ་དགོས་ཀྱི་འདུག་གམ། ཡང་ན་ཚགས་ཚུད་དུ་བཏང་སྟེ་གསར་གཏོད་ཀྱི་རྣམ་པའི་ཐོག་ནས་མ་འདྲ་བ་ག་རེ་བཟོ་རྒྱུ་འདུག དེ་ཚོའི་ཐོག་ལ་རང་བཞིན་གྱིས་དགོངས་པ་བཞེས་དགོས་པ་ཆགས་ཡོད་རེད་དྲན་གྱི་འདུག”ཅེས་དང་། “ད་ལྟའི་ལས་འཆར་འདི་བཀའ་ཤག་གི་ལྔ་དང་ལྔ་བཅུའི་འཆར་སྣང་དང་ཐད་ཀར་འབྲེལ་བ་ཡོད་པའི་ལས་ཚན་ཞིག་ཆགས་ཡོད་རེད། དེར་བརྟེན་རྣམ་པ་ཚོ་འདིར་ཚོགས་འདུར་མ་ཕེབས་གོང་ནས་ས་གནས་སོ་སོར་གྲོས་གཞི་དོན་ཚན་བཞི་བཀྲམས་ཏེ། དེའི་ཐོག་ས་གནས་སོ་སོའི་འབྲེལ་ཡོད་རྣམས་དང་བཀའ་བསྡུར་གྱིས་དེ་ཐེངས་འདིར་ཉིན་གཉིས་ཀྱི་ཚོགས་འདུའི་རིང་ལ་ས་གནས་སོ་སོའི་གནས་སྟངས་དང་། དཀའ་ངལ། མ་འོངས་བྱེད་ཕྱོགས་ག་རེ་ཡོད་མེད། དེ་ཚོའི་ཐོག་ལ་བཀའ་བསྡུར་ལྷུག་པོ་ཞིག་གནང་སྟེ་མ་འོངས་ལྔ་དང་ལྔ་བཅུའི་འཆར་སྣང་དང་མཐུན་ཁར། དེང་དུས་ཀྱི་འགྱུར་འགྲོས་དང་མཐུན་པའི་ཐོག་གོམ་པ་སྤོ་ཐུབ་རྒྱུར་དགོངས་པ་བཞེས་དགོས་པ་ཞིག་ཏན་ཏན་ཆགས་ཡོད་རེད་དྲན་གྱི་འདུག”ཅེས་གསུངས་སོང་།

དེ་བཞིན་ཁོང་གིས་“ལག་ཤེས་སྦྱོང་བརྡར་ཁག་ལ་ཆ་བཞག་ན། སྐྲ་བཟོ་བྱེད་པ་དང་། གདོང་ལ་མཛེས་བཟོ་བྱེད་པ། འཚེམ་ཁབ་རྒྱག་པ་ཙམ་མ་ཡིན་པར། གཞན་སྤྱི་ཚོགས་ནང་ལ་འགྱུར་བ་ག་རེ་འགྲོ་ཡི་ཡོད་མེད་ཀྱི་ཐོག་དགོངས་པ་བཞེས་མ་ཐུབ་པའི་གནས་སྟངས་མང་པོ་ཞིག་ཆགས་ཀྱི་འདུག”ཅེས་དུས་ཀྱི་འགྱུར་འགྲོས་དང་མཐུན་པར་གོམ་པ་སྔོན་དུ་སྤོ་མ་ཐུབ་ཚེ་རྗེས་སུ་མི་ལུས་ཐབས་བྱེད་དགོས་སྐོར་དང་། བོད་མི་ཐོག་མར་སྐྱབས་བཅོལ་དུ་འབྱོར་དུས་མི་སུ་ལའང་བཙན་བྱོལ་ནང་ལོ་༦༠ ལྷག་གི་ཡོད་པའི་བསམ་བློ་མེད་ཀྱང་ལྷག་ཡོད་པ་དང་། གལ་ཏེ་ལོ་ངོ་༦༠ ལྷག་གི་ཡོད་པའི་འཆར་སྣང་གི་ཐོག་ནས་ལས་ཀ་བྱས་ཡོད་ན་ད་ལྟའི་གནས་སྟངས་དེ་མི་འདྲ་ཞིག་ཆགས་ཡོད་སྐོར་དང་སྦྲགས་ལྔ་དང་ལྔ་བཅུའི་འཆར་སྣང་གི་ལས་གཞི་གལ་ཆེ་སྐོར་སོགས་ཞིབ་རྒྱས་གསུངས་སོང་།

ཉིན་གཉིས་རིང་གི་ཚོགས་འདུའི་གྲོས་གཞི་ཁག་ལྔ་ནི། ༡ གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ལག་ཤེས་སྦྱོང་བརྡར་ཁག་མང་དག་ཅིག་ཡོད་ནའང་ལས་དོན་དང་དམིགས་ཡུལ་གཅིག་གྱུར་ཡིན་པར་བརྟེན། ལག་ཤེས་སྦྱོང་བརྡར་ཁང་མིང་དོན་མཚུངས་པ་དང་ལས་གཞི་སྤེལ་ཕྱོགས་ཚགས་ཚུད་ནུས་ལྡན། གོ་བསྡུར་སྦྱངས་བཤད། སྦྱོང་བརྡར་ཁང་དབར་མཉམ་རུབ་ཐོག་མ་འོངས་ཡར་རྒྱས་གཏོང་ཕྱོགས།

༢ བོད་མིའི་སྒྲིག་འཛུགས་ནས་ལས་ཤུགས་གོང་འཕེལ་གྱི་སྲིད་ཇུས་ལམ་སྟོན་གཏན་འབེབས་གནང་ཕྱོགས་ས་བོན་དགོངས་འཆར་ཡོང་ཐབས་སྐོར།

༣ སྦྱོང་བརྡར་སློབ་ཐོན་ཟིན་རྗེས་རང་ཁ་རང་གསོ་ཡོང་སླད་དཔལ་ལས་བོད་མིའི་ཡར་ཐོན་ཚོང་ལས་རམ་འདེགས་ལས་གཞི་ནང་མཉམ་ཞུགས་ཀྱིས་ཚོག་ལས་སྤེལ་ཕྱོགས།

༤ ན་གཞོན་སྦྱོང་བརྡར་ཐོན་པ་རྣམས་རང་ཁ་རང་གསོ་དང་། ནུས་ལྡན། ས་གནས་སོ་སོར་རྒྱུན་གནས་ཐུབ་པ་བཟོ་ཐབས་ཇི་ཡོད།
༥ དགོངས་ཚུལ་གཞན། བཅས་རེད་འདུག  །

གསར་འགོད་པ་བཀྲ་ཤིས་དོན་གྲུབ།

Share this:
༥༧༧ ཀློག་གྲངས།