བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་ཆེན།

བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་ཆེན་ཐོག་དབུས་ས་གཉིས་ཀྱི་རྒྱུན་ལས་༡༩༢ ཙམ་ལྷན་ཞུགས་སར། བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེས་མི་རབས་གསར་པའི་འཛུགས་སྐྲུན་གྱི་ལས་འགན་དང་པོ་སྐྱེས་མ་ཚོར་ཡོད་སྐོར་གསུངས་སོང་།

ཟླ་འདིའི་ཚེས་༡༡ ཉིན་༦ རིང་དྷ་སའི་ཉེ་འགྲམ་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ། བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་༡༢ པ་འཚོག་གི་ཡོད་པ་དང་། དེར་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་སྒྲིག་འཛུགས་སྔར་ལྷག་ཚགས་ཚུད་སྲ་བརྟན་ཡོང་ཐབས་དང་། ཚོགས་པའི་ཆབ་སྲིད་ཀྱི་ལངས་ཕྱོགས། ཆབ་སྲིད་དང་སྤྱི་ཚོགས་ཀྱི་ཞབས་ཞུ་སྔར་ལྷག་འགྲུབ་ཆེད་ལས་དོན་སྤེལ་ཕྱོགས་སོགས་ཀྱི་ཐད་གྲོས་བསྡུར་དང་། ཉིན་མཐའ་མར་དབུས་རྒྱུན་གསར་འདེམས་བྱེད་རྒྱུ་ཡིན་པ་རེད།

ཚོགས་ཆེན་གྱི་སྐུ་མགྲོན་གཙོ་བོ་བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེས། སྤྱིར་འགྲོ་བ་མིའི་སྤྱི་ཚོགས་འཚོ་གནས་ཡོང་བར་སྐྱེས་པ་དང་བུད་མེད་གཉིས་པོ་ནི་ཐབས་དང་ཤེས་རབ་ལྟ་བུའི་རྟེན་འབྱུང་གི་རྣམ་བཞག་ཡིན་སྐོར་དང་། སངས་རྒྱས་བཅོམ་ལྡན་འདས་ཞལ་བཞུགས་པའི་སྐབས་གདོད་མའི་སྤྱི་ཚོགས་ནང་སྐྱེས་པ་དང་བུད་མེད་གཉིས་ཀས་འགན་ཁུར་འདྲ་མཉམ་བཞེས་ཡོད་ཀྱང་རྟེན་ལ་གཞིགས་པའི་ཐོག་ནས་འགན་ལ་དབྱེ་བ་ཡོད་སྐོར་དང་། དེ་བཞིན་སངས་རྒྱས་ཀྱི་དུས་སུ་བུད་མེད་ཀྱི་རྟེན་རྩ་ཆེར་འཛིན་གྱི་ཡོད་པ་མ་ཟད། མཁས་གྲུབ་གཉིས་ལྡན་གྱི་སྐྱེད་མ་ཡང་མི་ཉུང་བ་ཐོན་ཐུབ་ཡོད་སྐོར་གསུངས་སོང་། ཟམ་གདོང་རིན་པོ་ཆེས་བུད་མེད་ཀྱི་ཐོབ་ཐང་རྩོད་ལེན་དེ་འགྲན་རྩོད་དང་འབྲེལ་བ་ཡོད་པ་དང་། འགྲན་རྩོད་ནི་མཉམ་རུབ་དང་མཐུན་ལམ་ཀྱི་འགལ་ཟླ་ཡིན་སྐོར་ཡང་གསུངས་སོང་།

དམིགས་བསལ་སྐུ་མགྲོན་བོད་ཀྱི་བུད་མེད་ལྷན་ཚོགས་ཐོག་མ་གསར་འཛུགས་གནང་བའི་སྐབས་ཀྱི་ཚོགས་གཙོ་བཀའ་ཟུར་རིན་ཆེན་མཁའ་འགྲོ་དང་། བོད་མི་མང་སྤྱི་འཐུས་ཚོགས་གཙོ་གཞོན་པ་ཨཅརྱ་ཡི་ཤེས་ཕུན་ཚོགས་བཅས་ཀྱིས་ཚོགས་ཆེན་དང་འབྲེལ་བའི་གསུང་བཤད་གནང་།

མཛད་སྒོའི་ཐོག་བོད་ཀྱི་བུད་མེད་ལྷན་ཚོགས་དབུས་རྒྱུན་ལས་ཁང་གི་ཚོགས་གཙོ་སྒྲོལ་མ་དབྱངས་ཅན་གྱིས་འདས་པའི་ལོ་ངོ་༣ གྱི་ལས་བསྡོམས་སྙན་སྒྲོན་གནང་བ་དང་། ཚོགས་ཆེན་གྱི་ཉིན་མཐའ་མར་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་རྒྱུན་ལས་གསར་འདེམས་དགོས་ཀྱི་ཡོད་སྐོར་གསུངས་ཡོད་པ་རེད།།

གསར་འགོད་པ་ཆོས་ཉིད་འོད་ཟེར།

 

Share this:
༦༨༦ ཀློག་གྲངས།