ཨེ་ཤི་ཡ་ནང་དུ་ཞི་བདེ་དང་རང་དབང་། མང་གཙོ་གོང་འཕེལ་གྱི་རྒྱལ་སྤྱིའི་ལྷན་ཚོགས་ཐེངས་དང་པོ།

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག ཨེ་ཤི་ཡའི་རྒྱལ་ཁབ་ཁག་༡༡ གི་འཐུས་མི་མཉམ་ཞུགས་ཐོག ཨེ་ཤི་ཡའི་ཁུལ་དུ་ཞི་བདེ་དང་རང་དབང་། མང་གཙོ་བཅས་གོང་འཕེལ་ཡོང་ཆེད་ཀྱི་ལྷན་ཚོགས་ཤིག་འཚོགས་ཡོད་པ་རེད།

ཟླ་༥ པའི་ཚེ་༡༡ ནས་༡༢ བར་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག ཨེ་ཤི་ཡའི་རྒྱལ་ཁབ་ཧོང་ཀོང་དང་རྒྱ་གར། ཉི་ཧོང་། འབར་མ། བལ་ཡུལ། ཧྥེ་ལི་པན། སོག་པོ། ཐའེ་ཝན། ཐའེ་ལན་ཌེ། བོད། ཝི་ཏི་ནམ་བཅས་ནས་སྐུ་ཚབ་མཉམ་འཛོམས་ཐོག་འཚོགས་ཡོད་པ་དང་། དེའི་དམིགས་ཡུལ་ནི་ཨེ་ཤི་ཡའི་ཁུལ་དུ་འགྲོ་བ་མིའི་ཐོབ་ཐང་གི་ལས་འགུལ་བ་དང་། སྤྱི་དམངས་ཞབས་ཞུ་ཚོགས་པ། གསར་འགོད་པ་དང་། གཞོན་སྐྱེས་འགོ་ཁྲིད། ཤེས་ཡོན་པ་སོགས་ཀྱིས་མཉམ་ལས་ཐོག་ནས་ཞི་བདེ་དང་རང་དབང་། མང་གཙོ་བཅས་གོང་འཕེལ་གཏོང་ཐུབ་ཆེད་ཡིན་འདུག

ལྷན་ཚོགས་ཐོག་བསྒྲགས་གཏམ་ཞིག་སྤེལ་བའི་ནང་འཁོད་དོན། ཚོགས་ཞུགས་པ་རྣམས་ཀྱིས་ཨེ་ཤི་ཡའི་རྒྱལ་ཁབ་ཁག་དང་མི་མང་རྣམས་ཀྱིས། ཁུལ་དེའི་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་གི་འབོད་སྒྲ་ལ་རྒྱབ་སྐྱོར་བྱེད་དགོས་པ་དང་། རྒྱ་ནག་གཞུང་གིས་བོད་དང་ཐའེ་ཝན། ཧོང་ཀོང་བཅས་ཀྱི་མི་མང་ལ་རང་ཐག་རང་གཅོད་ཀྱི་ཐོབ་ཐང་དང་འགྲོ་བ་མིའི་ཐོབ་ཐང་སྤྲད་དགོས་པ་དང་། དེ་བཞིན་ཐའེ་ཝན་དང་ཝི་ཏི་ནམ། ཐའེ་ལན་ཌེ། ཧྥེ་ལི་པན། ཉི་ཧོང་། འབར་མ། བལ་ཡུལ། རྒྱ་གར་བཅས་སུ་རྒྱ་བསྐྱེད་དང་ཐེ་ཇུས་ཀྱི་སྲིད་ཇུས་མཚམས་འཇོག་བྱེད་པའི་དགོས་འདུན་བཏོན་ཡོད་པ་རེད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།

Share this:
༢༠༥༢ ཀློག་གྲངས།