རྒྱ་གར་ནང་ཐལ་རླུང་དྲག་ཏུ་འཚུབ་སྟེ་མི་མང་པོའི་ཚེ་སྲོག་ཤོར་ཡོད་འདུག

རྒྱ་གར་གྱི་མངའ་སྡེ་བཞིའི་ནང་ཐལ་རླུང་དྲག་ཏུ་འཚུབ་ནས་ཉུང་མཐར་མི་༦༡ གི་ཚེ་སྲོག་ཤོར་ཡོད་ཁར། ད་དུང་ཉིན་ཤས་རིང་ཐལ་རླུང་དྲག་པོ་འཚུབ་རྒྱུ་ཡིན་པའི་ཉེན་བརྡ་བཏང་ཡོད་འདུག

ཟླ་འདིའི་ཕྱི་ཚེས་༡༤ ཉིན་བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཁ་སང་དགོང་མོ་ནས་ད་བར་རྒྱ་གར་གྱི་མངའ་སྡེ་བཞིའི་ནང་ཐལ་རླུང་དྲག་ཏུ་འཚུབ་ནས། གྲོང་གསེབ་ཀྱི་ཁང་ཁྱིམ་མང་པོ་ཞིག་སློག་སྟེ་ཉུང་མཐར་མི་༦༡ བསད་ཡོད་འདུག་ཅིང་། མི་མང་པོར་རྨས་སྐྱོན་ཤོར་ཡོད་འདུག་པ་མ་ཟད། ཁ་སང་དགོང་མོར་གནམ་གྲུ་༧༠ ལྷག་རྒྱལ་ས་ལྡི་ལིར་ཡོད་པའི་རྒྱལ་སྤྱིའི་གནམ་ཐང་ལ་ཡོང་མ་ཐུབ་པར་འཕུར་བསྐྱོད་ཀྱི་ཁ་ཕྱོགས་བསྒྱུར་དགོས་ཁེལ་ཡོད་འདུག་པ་དང་། རྒྱ་གར་གཞུང་གིས་ད་དུང་མུ་མཐུད་གནམ་གཤིས་ཡག་པོ་མེད་པའི་ཉེན་བརྡ་བཏང་ཡོད་འདུག

ད་ཐེངས་ཀྱི་རང་བྱུང་གོད་ཆགས་འདིའི་ཁྲོད་ནས་ཚེ་སྲོག་ཤོར་མཁན་གྱི་མི་༦༡ ལས་ཨུ་ཊར་མངའ་སྡེ་ནས་མི་༣༨ དང་། ཨན་དྷར་མངའ་སྡེ་ནས་མི་༡༢ ནུབ་བྷེན་གྷལ་མངའ་སྡེ་ནས་མི་༩ རྒྱལ་ས་ལྡི་ལི་ནས་མི་༢ བཅས་ཡིན་འདུག་པ་དང་། འདས་གྲོངས་སུ་སོང་བའི་གྲངས་ཀ་གནས་ཚུལ་གསལ་པོ་ཆགས་རིམ་བཞིན་འཕེལ་སྲིད་པ་ཡིན་འདུག

གཞན་ཡང་ཨུ་ཊར་མངའ་སྡེའི་ནང་དུ་ཐལ་རླུང་དྲག་ཏུ་འཚུབ་པའི་དབང་གིས་ཟླ་འདིའི་འགོ་སྟོད་གཅིག་པུར་མི་༧༠ ལྷག་གི་ཚེ་སྲོག་ཤོར་ཡོད་འདུག་པ་དང་། གོང་གསལ་གྱི་མངའ་སྡེ་བཞི་ནི་ཉིན་ཤས་རིང་རླུང་འཚུབ་ཀྱི་ཉེན་ཁ་ཆེ་ཤོས་དེ་ཆགས་ཡོད་སྐོར་འདུག

རྒྱ་གར་གྱི་སྲིད་བློན་མོ་དྷི་ཡིས་རང་བྱུང་གོད་ཆགས་འོག་ནས་ཚེ་སྲོག་ཤོར་མཁན་རྣམས་ལ་མྱ་ངན་དང་། དེ་དག་གི་ལྟོས་བཅས་ཉེ་འབྲེལ་རྣམས་ལ་གདུང་སེམས་མཉམ་བསྐྱེད། རྨས་སྐྱོན་ཤོར་བ་རྣམས་མགྱོགས་མྱུར་དྲག་བསྐྱེད་ཡོང་བ་དང་། རྒྱ་གར་གཞུང་ནས་གནོད་འཚེ་ཕོག་ཡུལ་རྣམས་ལ་རོགས་སྐྱོར་གང་ཐུབ་བྱེད་རྒྱུའི་རེ་སྐུལ་བཅས་གནང་ཡོད་འདུག །

གསར་འགོད་པ་བཀྲ་ཤིས་དོན་གྲུབ།

Share this:
༧ ཀློག་གྲངས།