བོད་དང་ཐའེ་ཝན་མ་ཚུད་པའི་རྒྱ་ནག་གི་ས་ཁྲ་དང་བཟོད་གསོལ།

ཨ་རིའི་སྒེབ་ཚོང་ལས་ཁང་གིས་བཏོན་པའི་སྟོད་ཐུང་ཐོག བོད་དང་ཐའེ་ཝན་མ་ཚུད་པའི་རྒྱ་ནག་གི་ས་ཁྲ་བྲིས་ནས་བཙོང་རྗེས་རྒྱ་ནག་ལ་བཟོད་གསོལ་ཞུས་ཡོད་འདུག

ཟླ་འདིའི་ཕྱི་ཚེས་༡༥ ཉིན་དབྱིན་ཇིའི་གསར་ཁང་གྷར་ཌི་ཡན་གྱིས་གནས་ཚུལ་སྤེལ་བ་ལྟར་ན། ཨ་རིའི་གྱོན་ཆས་སིལ་ཚོང་རྒྱག་མཁན་སྒེབ་(Gap) ཚོང་ལས་ཁང་གིས་སྟོད་ཐུང་གོང་བ་མེད་ཅིང་ཕུ་ཐུང་ཕྱེད་ཀ་ཡིན་པ་ཞིག་གི་མདུན་ངོས་སུ། རྒྱ་ནག་གི་ས་ཁྲ་བོད་དང་། ཐའེ་ཝན། ལྷོ་རྒྱ་ནག་རྒྱ་མཚོ་བཅས་མ་ཚུད་པ་ཞིག་བྲིས་ནས་ཚོང་འགྲེམ་བྱས་ཡོད་ཀྱང་། གནས་ཚུལ་དེ་རྒྱ་ནག་གི་སྤྱི་ཚོགས་དྲ་ལམ་ཐོག་ཁྱབ་རྗེས་ཚོང་ལས་ཁང་དེས་རྒྱ་ནག་ལ་བཟོད་གསོལ་ཞུས་ཏེ། གནས་ཚུལ་དེ་འདྲ་ཡང་བསྐྱར་མི་འབྱུང་ཆེད་བསྐྱར་ཞིབ་དོ་ནན་པོ་བྱེད་རྒྱུ་ཡིན་སྐོར་བརྗོད་ཡོད་འདུག

དེ་ཡང་གནས་ཚུལ་དེའི་བྱུང་རིམ་ནི། ཐོག་མར་ཚོང་མགྲོན་ཞིག་གིས་སྟོད་ཐུང་དེའི་འདྲ་པར་ཞིག་རྒྱ་ནག་གི་སྤྱི་ཚོགས་དྲ་རྒྱ་ཝཱི་བྷོ་ཐོག་སྤེལ་ནས། རྒྱ་ནག་གི་ས་ཁོངས་སུ་རློམ་པའི་བོད་དང་། ཐའེ་ཝན། ལྷོ་རྒྱ་ནག་རྒྱ་མཚོ་བཅས་ས་ཁྲ་དེ་ནས་བཏོན་འདུག་ཅེས་དང་། འདྲ་པར་དེ་ཁེ་ན་ཌའི་ཚོང་ཁང་ཞིག་ནས་བླངས་པ་ཡིན་ཞེས་བྲིས་རྗེས།  སྒེབ་ཚོང་ལས་ཁང་གིས་ཟླ་འདིའི་ཕྱི་ཚེས་༡༤ ཉིན་གྱི་ཕྱི་དྲོར་བཟོད་གསོལ་གྱི་བསྒྲགས་གཏམ་ཞིག་སྤེལ་ཡོད་པའི་ནང་“སྒེབ་ཚོང་ལས་ཁང་གིས་རྒྱ་ནག་གི་བདག་དབང་དང་། ས་ཁོངས་ཀྱི་ཁྱབ་ཚད་བཅས་ལ་གུས་བཀུར་བྱེད་ཀྱི་ཡོད། ཕྱི་རྒྱལ་དུ་བཙོང་ཟིན་པའི་སྒེབ་ཚོང་རྟགས་ཅན་གྱི་སྟོད་ཐུང་གོང་བ་མེད་ཅིང་ཕུ་ཐུང་ཕྱེད་ཀ་ཡིན་པ་དེ་དག་གིས་རྒྱ་ནག་གི་ས་ཁྲ་ཏག་ཏག་ཅིག་སྟོན་མ་ཐུབ་པ་ང་ཚོས་ཤེས་རྟོགས་བྱུང་། མ་བསམ་ས་ནས་ཤོར་བའི་ནོར་འཁྲུལ་དེ་ལ་ང་ཚོས་བཟོད་གསོལ་ཞུ་བཞིན་ཡོད་”ཅེས་བྲིས་ནས་རྒྱ་ནག་གི་སྤྱི་ཚོགས་དྲ་རྒྱ་ཝི་བྷོའི་ཐོག་སྤེལ་ཡོད་འདུག་པ་མ་ཟད། ཐོན་རྫས་དེའི་རིགས་རྒྱ་ནག་གི་ཁྲོམ་ར་ནས་ཕྱིར་འཐེན་བྱས་ཟིན་སྐོར་བརྗོད་ཡོད་འདུག

སྒེབ་ཚོང་ལས་ཁང་གི་བཟོད་གསོལ་འདི་ནི་རྒྱ་ནག་གིས་སྐད་ཡིག་བཀོལ་སྤྱོད་བྱེད་སྟངས་ཀྱི་ཐོག་ནས་ཐའེ་ཝན་དང་། བོད། ལྷོ་རྒྱ་ནག་རྒྱ་མཚོ་སོགས་ཁོ་རང་ཚོའི་ས་ཁོངས་ཡིན་པར་སྟོན་ཐབས་སུ་འབད་བརྩོན་འཕར་མ་བྱེད་བཞིན་པའི་སྐབས་སུ་བྱུང་བ་ཞིག་ཡིན་ཞིང་། འདི་ལོའི་ཕྱི་ཟླ་༡ པོའི་ནང་རྒྱ་ནག་ཏུ་མགྲོན་ཁང་༡༢༤ ཡོད་པའི་རྒྱལ་སྤྱིའི་མགྲོན་ཁང་ཚོང་ལས་ཁང་མཱེ་རོའུ་ཌ་(Marriott) འདྲི་རྩད་རེའུ་མིག་ཐོག བོད་དེ་རྒྱལ་ཁབ་ཁག་གི་མིང་གཞུང་ཁོངས་སུ་བཞག་ཡོད་སྟབས།  དེར་ངོ་རྒོལ་དང་སྐྱོན་བརྗོད་ཆེན་པོ་བྱུང་ནས་ཚོང་ལས་ཁང་དེས་དགོངས་སེལ་ཞུ་དགོས་ཁེལ་ཡོད་པ་དང་། དེ་བཞིན་འདི་ལོའི་ཕྱི་ཟླ་༢ པའི་ནང་འཇར་མན་གྱི་རླངས་འཁོར་གྲགས་ཅན་མཱེར་སེ་ཌེ་སི་བཟོ་མཁན་གྱི་ཚོང་ལས་ཁང་གིས་རླངས་འཁོར་ཁྱབ་བསྒྲགས་ཀྱི་པར་རིས་ཐོག ༧གོང་ས་མཆོག་གི་ལེགས་བཤད་སྤེལ་སྟབས་བཟོད་གསོལ་ཞུ་དགོས་ཁེལ་ཡོད་པ་རེད།།

གསར་འགོད་པ་བཀྲ་ཤིས་དོན་གྲུབ།

Share this:
༡༢༩༢ ཀློག་གྲངས།