རྒྱ་གར་ནས་ཕེབས་པའི་དགེ་བཤེས་རྣམས་ལ་ལི་ཐང་དུ་ཆོས་གསུང་མི་ཆོག་བརྗོད་འདུག

ཕྱི་རྒྱལ་ནས་སློབ་ཐོན་གྱི་ལག་འཁྱེར་རག་མཁན་དགེ་བཤེས་རྣམས་རྒྱ་ནག་གིས་ངོས་ལེན་བྱེད་ཀྱི་མེད་པས། ཁོང་ཚོར་རྒྱལ་ནང་དུ་ནང་ཆོས་སློབ་རྒྱུའི་ཁྱད་ཆོས་ཚང་ཡོད་མ་རེད་ཅེས་རྒྱ་ནག་གཞུང་གིས་བརྗོད་འདུག

ཟླ་འདིའི་ཕྱི་ཚེས་༡༥ ཉིན་རྒྱ་ནག་གཞུང་འབྲེལ་གྱི་དྲ་རྒྱ་གོ་ལའི་དུས་བབ་ཐོག “རྒྱ་གར་ནས་སློབ་གསོ་ལོག་པར་སྦྱངས་པ་བྱས་རྗེས་སི་ཁྲོན་ཞིང་ཆེན་གྱི་མངའ་ཁོངས་ལི་ཐང་རྫོང་དུ་ལོག་པའི་བླ་གྲྭ་རྣམས་ཀྱིས་ཡུལ་དེའི་མང་ཚོགས་རྣམས་ལ་ནང་ཆོས་སློབ་ཁྲིད་བྱེད་རྒྱུ་བཀག་སྡོམ་བྱས་ཡོད་རེད་”ཅེས་གནས་ཚུལ་སྤེལ་འདུག་པ་མ་ཟད།  རྒྱ་གར་ནས་དགེ་བཤེས་ལྷ་རམས་པ་ཐོན་ཏེ་ལི་ཐང་དུ་ལོག་ཡོང་མཁན་རྣམས་ལ་ལི་ཐང་རྫོང་གིས་ལོ་ལྟར་རྒྱལ་ཞེན་སློབ་གསོ་སྤྲོད་བཞིན་ཡོད་སྐོར་དང་། རྒྱལ་ཞེན་སློབ་གསོའི་འཛིན་གྲྭའི་སྐབས་ཀུན་སྤྱོད་ཚུལ་བཞིན་དུ་མི་སྲུང་མཁན་དང་། ‘ཁ་བྲལ་བའི་ཀུན་སློང་’གི་རྟགས་མཚན་ཡོད་མཁན་རྣམས་ལ་ལྟ་རྟོག་གཟབ་གནན་བྱེད་ཀྱི་ཡོད་སྐོར་སོགས་བརྗོད་འདུག

དེ་བཞིན་གོ་ལའི་དུས་བབ་ཐོག “ཕྱི་རྒྱལ་ནས་སློབ་ཐོན་གྱི་ལག་འཁྱེར་རག་མཁན་རྣམས་རྒྱ་ནག་གིས་ངོས་ལེན་བྱེད་ཀྱི་མེད། ཁོང་ཚོར་རྒྱལ་ནང་དུ་ནང་ཆོས་སློབ་རྒྱུའི་ཁྱད་ཆོས་ཚང་ཡོད་མ་རེད།”ཅེས་དང་། “གྲྭ་པ་ཁ་ཤས་ལ་ཕྱི་རྒྱལ་ནས་རྒྱ་ནག་གིས་ཁ་བྲལ་བར་ངོས་འཛིན་བཞིན་པའི་ཏཱ་ལའི་བླ་མ་སྐུ་ཕྲེང་༡༤ པའི་ཤོག་ཁག་ལས་སློབ་སྦྱོང་རག་ཡོད་སྟབས། ཁོང་ཚོས་ས་གནས་ཀྱི་ནང་པ་ཚོ་བེད་སྤྱོད་བྱས་ནས་ཁ་བྲལ་བའི་ལས་འགུལ་སྤེལ་མི་འཇུག་ཆེད་ལྟ་རྟོག་ཤུགས་ཆེ་རུ་གཏོང་རྒྱུ་དེ་མེད་དུ་མི་རུང་བ་ཞིག་རེད་”ཅེས་རྒྱ་ནག་གཞུང་གིས་བརྗོད་ཡོད་འདུག

ཤིན་ཧཱ་གསར་ཁང་ཐོག་ཕྱི་ལོ་༢༠༠༤ ནས་བཟུང་ད་བར་བོད་རང་སྐྱོང་ལྗོངས་ས་ཁུལ་དུ་རྒྱ་ནག་གི་འགྲོ་ལུགས་དང་མཐུན་པའི་ཐོག་ནས་གྲྭ་པ་༡༠༥ ལ་ནང་ཆོས་ཐོག་བསླབ་པ་མཐར་སོན་པའི་ལག་འཁྱེར་སྤྲད་ཡོད་སྐོར་བརྗོད་ཡོད་འདུག །

གསར་འགོད་པ་བཀྲ་ཤིས་དོན་གྲུབ།

Share this:
༨༡༢ ཀློག་གྲངས།