ཨ་རིས་ཨི་ཛེ་རིལ་གྱི་མི་གསོད་ཁྲག་སྦྱོར་བྱ་སྤྱོད་ལ་རྒྱབ་སྐྱོར་བྱས་འདུག

ཨི་ཛེ་རིལ་དམག་མིས་པཱེ་ལི་སེ་ཐན་མི་མང་གི་ཁྲོད་དུ། མེ་མདའ་གང་བྱུང་བརྒྱབ་ནས་མི་གསོད་ཁྲག་སྦྱོར་ཚབས་ཆེན་བྱས་པའི་བྱ་སྤྱོད་ལ། རྒྱལ་སྤྱིའི་རྒྱལ་ཁབ་གཞན་གྱིས་སྐྱོན་བརྗོད་བྱས་ཀྱང་། ཨ་རིས་བྱ་སྤྱོད་དེར་རྒྱབ་སྐྱོར་བྱས་འདུག

ཟླ་༥ པའི་ཚེས་༡༦ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཟླ་༥ པའི་ཚེས་༡༤ ཉིན་ནི་ཇིའུ་ཆོས་ལུགས་ཀྱི་རྒྱལ་ཁབ་ཨེ་ཛེ་རིལ་འགོ་འཛུགས་བྱས་ནས་ལོ་༧༠ འཁོར་བའི་ཉིན་མོ་དང་། པཱེ་ལི་སེ་ཐན་མི་མང་གིས་ཨི་ཛེ་རིལ་རྒྱལ་ཁབ་འགོ་འཛུགས་བྱས་པར་བརྟེན་ནས། རང་ཡུལ་ནས་མི་མང་འབུམ་བདུན་བྲོས་བྱོལ་ལམ་ཕྱིར་འབུད་བཏང་བའི་ཉིན་མོར་སྲུང་བརྩི་བྱེད་ཀྱི་ཡོད་ཁར། དེའི་ཐོག་ཉིན་དེར་ཨ་རིའི་གཞུང་ཚབ་ཁང་དེ་ཨི་ཛེ་རིལ་གྱི་དབང་འོག་ཏུ་ཡོད་པའི་གནས་ཆེན་ཇུ་རུ་སི་ལམ་ལ་གནས་སྤོས་བྱས་ཏེ་སྒོ་འབྱེད་བྱས་པས། པེ་ལི་སེ་ཐན་མི་མང་སྟོང་ཕྲག་མང་པོས་རང་སྐྱོང་གི་གྷ་ཛ་མངའ་ཁུལ་དང་ཨི་ཛེ་རིལ་གྱི་ས་མཚམས་སུ་ངོ་རྒོལ་བྱས་སྐབས། ཨི་ཛེ་རིལ་དམག་མིས་ངོ་རྒོལ་བའི་ཁྲོད་དུ་མེ་མདའ་གང་བྱུང་བརྒྱབ་ནས། ད་ལྟའི་ཆར་ཚེ་སྲོག་ཤོར་མཁན་མི་གྲངས་༥༨ དང་རྨས་སྐྱོན་འཕོག་མཁན་༢༧༠༠ ལས་མང་བ་བྱུང་ཡོད་པ་རེད་འདུག

གནད་དོན་དེ་དང་འབྲེལ་ནས་མཉམ་འབྲེལ་རྒྱལ་ཁབ་ཀྱི་བདེ་འཇགས་ལྷན་ཚོགས་ཛ་དྲག་འཚོགས་ཡོད་འདུག་པ་དང་། སྐབས་དེར་ཨི་ཛེ་རིལ་དང་པཱེ་ལི་སེ་ཐན་གྱི་སྐུ་ཚབ་གཉིས་བར་ཁ་རྩོད་དྲག་པོ་ཤོར་ཡོད་འདུག་པ་དང་། ཨི་ཛེ་རིལ་གྱིས་པེ་ལི་སེ་ཐན་གྱི་ངོ་རྒོལ་བ་རྣམས་ཞི་བའི་ངོ་རྒོལ་བ་མིན་ཁར། དྲག་པོའི་ཟིང་འཁྲུག་སློང་མཁན་ཡིན་པ་དང་། དེ་དག་ལ་དྲག་སྤྱོད་ཚོགས་པ་ཧཱ་མ་སཱེས་བརྒྱུད་སྐུལ་བྱས་ཡོད་སྐོར་སོགས་བརྗོད་ནས། མི་གསོད་ཁྲག་སྦྱོར་གྱི་བྱ་སྤྱོད་དེ་ནོར་འཁྲུལ་ཡིན་པ་ཁས་ལེན་གཏན་ནས་བྱས་མི་འདུག དེ་བཞིན་ཨ་རིའི་སྐུ་ཚབ་ཀྱིས་ཀྱང་ལྷན་ཚོགས་དེའི་ནང་དྲག་རྒོལ་ལ་འཛེམས་མཁན་ཨི་ཛེ་རིལ་ལས་ལྷག་པ་མེད་པ་དང་། མིའི་ཚེ་སྲོག་ཤོར་བའི་གནད་དོན་ལ་དགག་པ་ཡོད་ཀྱང་། བརྒྱུད་སྐུལ་བྱེད་མཁན་དྲག་སྤྱོད་ཚོགས་པ་ཧཱ་མ་སེ་ལ་ཉེས་འདོགས་བྱས་ཏེ། ཨི་ཛེ་རིལ་གྱི་དྲག་རྒོལ་བྱ་སྤྱོད་ཀྱི་ཚད་གཞི་དེ་འགྲིག་པ་ཡིན་སྐོར་བརྗོད་ཡོད་འདུག

གནད་དོན་དེ་དང་འབྲེལ་ནས་པཱེ་ལི་སེ་ཐན་གྱི་སྐུ་ཚབ་པས་དྲག་སྤྱོད་དེ་ནི་མི་སྤྱོད་ལས་འདས་པ་ཡིན་ཞིང་། ཨི་ཛེ་རིལ་གྱི་དམག་མིའི་བྱ་སྤྱོད་མཚམས་འཇོག་བྱས་ཏེ། རྒྱལ་སྤྱིའི་ཐོག་ནས་རང་དབང་ཅན་གྱི་ཞིབ་འཇུག་དགོས་པ། དེ་བཞིན་མཉམ་འབྲེལ་རྒྱལ་ཁབ་ཀྱིས་དེ་སྔོན་ནས་ཞིབ་འཇུག་དང་འགུལ་བསྐྱོད་གང་ཡང་བྱས་མེད་པའི་སྐྱོན་བརྗོད་བྱས་འདུག འཇར་མན་དང་དབྱིན་ཡུལ། ཨར་ལེན་ཌ། བྷེལ་རྗེམ་བཅས་ཀྱིས་རང་དབང་ཅན་གྱི་ཉམས་ཞིབ་དགོས་པའི་དགོས་འདུན་བཏོན་འདུག་པ་དང་། ཏུར་ཀི་རྒྱལ་ཁབ་ཀྱིས་དེ་གའི་ཨེ་ཛི་རིལ་གྱི་གཞུང་ཚབ་གནས་སྐབས་རིང་ཕྱིར་ཐོན་དགོས་སྐོར་བརྗོད་འདུག་པས། ཨི་ཛེ་རིལ་གྱིས་ཀྱང་དེ་མཚུངས་རྒོལ་ལན་བསློགས་འདུག ཧྥ་རན་སིའི་སྲིད་འཛིན་གྱིས་ཨི་ཛེ་རི་སྲིད་བློན་ལ་ཁ་པར་བཏང་ནས། པཱེ་ལི་སེ་ཐན་མི་མང་ལ་ཞི་བའི་ངོ་རྒོལ་བྱེད་པའི་ཐོབ་ཐང་ཡོད་སྐོར་བརྗོད་འདུག དེ་བཞིན་ཨ་རབ་རྒྱལ་ཁབ་ཀུ་ཝེ་ཌ་ཡིས་རྒྱལ་སྤྱིའི་ཐོག་ནས་པཱེ་ལི་སེ་ཐན་མི་མང་ལ་སྲུང་སྐྱོབ་ཐོབ་ཆེད་ཀྱི་གྲོས་ཆོད་ཀྱི་ཟིན་བྲིས་ཤིག་གྲ་སྒྲིག་བྱེད་བཞིན་ཡོད་པ་རེད་འདུག

ཇུ་རུ་སི་ལམ་དེ་ནི་ཇིའུ་ཆོས་ལུགས་དང་ཁ་ཆེ་ཆོས་ལུགས། དེ་བཞིན་ཡེ་ཤུ་ཆོས་ལུགས་བཅས་ཀྱིས་གནས་རྩ་ཆེན་ལ་བརྩི་ཡི་ཡོད་པ་དང་། ད་ལྟའི་ཆར་ཇིའུ་ཆོས་ལུགས་ཡིན་པའི་ཨཱི་ཛེ་རིལ་རྒྱལ་ཁབ་དང་ཁ་ཆེ་ཆོས་ལུགས་ཀྱི་རྒྱལ་ཁབ་པེ་ལི་སེ་ཐན་གཉིས་ཀྱིས་གྲོང་ཁྱེར་དེའི་བདག་དབང་ལ་རྩོད་ཀྱི་ཡོད་པས། རྩོད་རྙོག་དེ་ཞི་བའི་ངང་སེལ་ཆེད་དུ་གྲོས་མོལ་གྱི་བརྒྱུད་རིམ་འགྲོ་བཞིན་ཡོད་ཀྱང་། སྲིད་འཛིན་ཊོམ་གྱིས་ཨི་ཛེ་རིལ་གྱི་རྒྱབ་ལ་ལངས་ནས་གྲོང་ཁྱེར་དེ་རྒྱལ་ཁབ་དེའི་རྒྱལ་སར་ངོས་འཛིན་བྱས་རྐྱེན། དཀྱིལ་ཤར་ཡུལ་གྲུའི་བརྟན་ལྷིང་ལ་ཉེན་ཚབས་ཆེན་པོ་བཟོས་པའི་སྐྱོན་བརྗོད་བྱེད་མཁན་མང་པོ་ཡོད་འདུག སྤྱིར་བཏང་ཨ་རིའི་སྲིད་འཛིན་འོས་བསྡུའི་ཁྱབ་བསྒྲགས་ལས་འགུལ་སྐབས། ཊོམ་གྱིས་ཨ་རིའི་ནང་ཇིའུ་མི་རིགས་མང་པོ་ཡོད་པས། འོས་ཤོག་ཐོབ་ཆེད་དུ་ཇེ་རུ་སི་ལམ་དེ་ཨི་ཛེ་རིལ་གྱི་རྒྱལ་སར་ངོས་འཛིན་བྱ་རྒྱུ་ཁས་ལེན་བྱས་ཡོད་འདུག འོན་ཀྱང་ཊོམ་གྱི་ཐག་གཅོད་དེར་ངོས་འཛིན་དང་དགའ་བསུ་མངོན་གསལ་དོད་པོ་བྱེད་མཁན་ཨི་ཛེ་རིལ་རྒྱལ་ཁབ་ལས་མེད་ཁར། ཨ་རབ་མཉམ་འབྲེལ་རྒྱལ་ཁབ་དང་མཉམ་འབྲེལ་རྒྱལ་ཁབ་ནས་ཊོམ་གྱི་ཐག་གཅོད་དེར། ངོ་རྒོལ་བྱས་ཡོད་ཀྱང་ཊོམ་གྱིས་ཐག་གཅོད་དེ་ཕྱིར་འཐེན་མ་བྱས་པར། དངོས་སུ་ལག་ལེན་བསྟར་ཡོད་པ་རེད་པས། གནད་དོན་དེ་ལ་བརྟེན་ནས་ཁ་ཆེའི་རྒྱལ་ཁབ་ཁག་དང་ཨི་ཛེ་རིལ་བར། དེ་བཞིན་ཁ་ཆེའི་རྒྱལ་ཁབ་དང་ཨ་རི་བར་གྱི་འབྲེལ་ལམ་སྡུག་ཏུ་འགྲོ་ཉེན་ཡོད་པ་རེད།།

གསར་འགོད་པ་སྐལ་བཟང་དོན་གྲུབ།

Share this:
༧༥༤ ཀློག་གྲངས།