སྔ་འགྱུར་རྙིང་མའི་དབུ་འཛིན་སུད་སིར་ཆིབས་བསྒྱུར།

ཟླ་འདིའི་ཚེས་༩ ཉིན་གྱི་ཞོགས་པ་སྔ་འགྱུར་རྙིང་མའི་དབུ་འཛིན་ཁྲི་རབས་བདུན་པ་༧ཀཿཐོག་དགེ་རྩེ་རིན་པོ་ཆེ་དང་སྐུ་འཁོར་རྣམ་གཉིས་སུད་སི་ཛུ་རིག་རྒྱལ་སྤྱིའི་གནམ་ཐང་དུ་ཞབས་སོར་བདེ་བར་འཁོད་པ་དང་རི་ཀོན་ཆོས་འཁོར་དགོན་གྱི་མཁན་རིན་པོ་ཆེས་དབུས་པའི་དགེ་འདུན་པ་དང་། བོད་མི་མང་སྤྱི་འཐུས་ཟམ་མདོ་བྱམས་པ་ཚེ་རིང། སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་དང་སྤྱི་ཟུར་རྣམས་པ། བོད་རིགས་མི་མང་གི་ཚོགས་གཙོ་སོགས་ཀྱིས་ཕེབས་བསུ་ཞུས་ཡོད་པ་རེད།

སྤྱི་ཟུར་ཆོས་རྒྱལ་བསྟན་འཛིན་གྱིས་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། མགྲོན་ཁང་དུ་བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞིའི་སྐུ་ཚབ་རྣམ་པས་རིན་པོ་ཆེ་མཆོག་ལ་མཎྜལ་སྐུ་གསུང་ཐུགས་རྟེན་འདེགས་འབུལ་ཞུས་པ་དང་། ཕྱི་ཚེས་༡༠ ཉིན་སུད་སི་དང་ལིག་ཏེན་སིཊ་ཡན་བོད་རིགས་མི་མང་སྐབས་༡༧ པས་གོ་སྒྲིག་འོག སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་པའི་རིས་མེད་བོད་ཀྱི་བླ་ཆེན་རྣམས་དང་། བསྟན་འཛིན་གྱི་སྐྱེས་བུ་དམ་པ་རྣམས་སྐུ་ཚེ་བསྐལ་བརྒྱར་བརྟན་ཞིང་ཐུགས་བཞེད་དགོངས་དོན། བསྟན་འགྲོའི་དོན་དུ་རླབས་ཆེན་མཛད་འཕྲིན་མཐའ་དག་བགེགས་མེད་ལྷུན་གྱིས་གྲུབ་པ་དང་། བོད་བསྟན་སྲིད་མི་རིགས་ཀྱི་དོན་དུ་རང་གི་གཅེས་པའི་ལུས་སྲོག་ལོངས་སྤྱོད་ཡོངས་རྫོགས་བློས་བཏང་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཡོངས་ཀྱི་ཆེད་ཐུགས་སྨོན། བོད་མིའི་སྤྱི་མཐུན་བསོད་ནམས་གོང་འཕེལ་དང་། སྐྱེ་འགྲོ་ཀུན་ལ་བདེ་སྐྱིད་དང་རྐྱེན་ངན་བར་ཆད་ཕྲ་མོ་ཙམ་ཡང་མི་འབྱུང་བའི་ཆེད་མ་ཧྰ་གུ་རུའི་འབུམ་ཚོགས་སྤྱི་སྨན་ཞབས་རིམས་ཀྱི་ཚོགས་མགོན་དུ་༧སྐྱབས་རྗེ་ཀ་༔་ཐོག་དགེ་རྩེ་རིན་པོ་ཆེ་མཆོག་གདན་ཞུས། ཞབས་རིམ་མ་བསྒྲུབ་པའི་སྔོན་དུ་བོད་རིགས་མི་མང་གི་ཚོགས་གཙོ་མཚམས་མདའ་ནོར་བུ་ལགས་ཀྱིས་༧སྐྱབས་རྗེ་ཀ་༔་ཐོག་དགེ་རྩེ་རིན་པོ་ཆེ་མཆོག་གི་མཛད་རྣམ་སྙིང་བསྡུས་ཞིག་མི་མང་ལ་ངོ་སྤྲོད་ཞུས་ཡོད་པ་རེད།

སྐྱབས་རྗེ་ཀ་༔ཐོག་རིན་པོ་ཆེས་མི་མང་སུམ་བརྒྱ་ལྷག་རྒྱས་འཛོམས་ཐོག་བླང་དོར་གྱི་བཀའ་སློབ་བསྩལ་དོན། སྤྱིར་རྒྱལ་བ་ཤཱཀྱ་ཐུབ་པའི་བསྟན་པ་གཅིག་མ་གཏོགས་མེད་ནའང་། བོད་གངས་ཅན་ཀྱི་ལྗོངས་སུ་སངས་རྒྱས་ཀྱི་བསྟན་པ་འཛིན་པའི་མདོ་དང་སྔགས་ཕྱེས་ནས་ཆོས་བརྒྱུད་དང་འདོད་ཚུལ་ཕྲ་མོ་མི་འདྲ་བ་ཡོད། དོན་དུ་ཆོས་བརྒྱུད་བཞི་པོ་ནི་མདོ་དང་སྔགས་གང་གི་ཆ་ནས་ཀྱང་རྒྱལ་བ་ཤཱཀྱ་ཐུབ་པའི་བསྟན་པར་མི་གཏོགས་པ་གཅིག་ཀྱང་མེད། ༧གོང་ས་མཆོག་གིས་ཆོས་བརྒྱུད་རིས་མེད་སྐོར་བཀའ་སློབ་ཟབ་མོ་ཡང་ཡང་ཕེབས་པ་དེ་དག་ཁྱེད་རྣམས་པས་ཐུགས་ལ་བཟུང་ནས་རྒྱུན་སྐྱོང་གནང་བཞིན་འདུག་པ་ནི་རྒྱལ་བ་དགྱེས་པའི་མཆོད་སྤྲིན་དང་བསྔགས་བརྗོད་གནང་། དེ་རིང་འདིར་མ་ཧཱ་གུ་རུའི་འབུམ་ཚོགས་སུ་བོད་རིགས་གང་མང་འཛོམས་འདུག་པ་དེ་ནི་ཆོས་ཀྱི་ཕྱོགས་ནས་བཤད་ན་ལས་དང་སྨོན་ལམ། འཇིག་རྟེན་གྱི་ཆ་ནས་བཤད་ན་རྟགས་དང་རྟེན་འབྲེལ་བསྒྲིགས་པ། ཁྱེད་རྒན་གཞོན་བར་གསུམ་ཚང་མ་ལོ་གཅིག་གི་ནང་འདུ་འཛོམས་ཀྱིས་ཚོགས་བསགས། སྒྲིབ་པ་སྦྱང་བའི་དུས་དང་སྐལ་པ་བཟང་བའི་བདེ་སྐྱིད་ཀྱི་ཉི་མ་ཡིན་བསམས་ནས་ཚོགས་མགོན་དུ་ཕེབས་མཁན་ཚང་མར་འཚམས་འདྲི་བཀྲ་ཤིས་བདེ་ལེགས་གསུངས།

རིན་པོ་ཆེས་མུ་མཐུད་གསུངས་དོན། བོད་གངས་ཅན་ལྗོངས་ལ་མཚོན་ན་གུ་རུ་རིན་པོ་ཆེ་དང་འབྲེལ་བ་དམིགས་བསལ་ཡོད། གུ་རུ་རིན་པོ་ཆེའི་གསོལ་འདེབས་ནང་། གྲུབ་མཆོག་མཚོ་སྐྱེས་རྡོ་རྗེ་དྲིན་པོ་ཆེ། །ཞེས་གསལ་བ་ལྟར། བོད་གངས་ཅན་ཀྱི་ལྗོངས་སུ་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ཚུལ་བཞིན་དར་དཀའ་བའི་སྐབས་སུ་མཁན་ཆེན་བོ་དྷི་སྭཏྭ་བས་ལུང་བསྟན།

ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱིས་མཐུན་རྐྱེན་བསྒྲུབས་ནས་བོད་གངས་ཅན་ལྗོངས་སུ་མི་དང་མི་མ་ཡིན་པའི་ཆོས་སྒྲུབ་པར་འགལ་རྐྱེན་བར་ཆད་ཡོད་པ་ཐམས་ཅད་སེལ་ནས་གངས་ཅན་ལྗོངས་སུ་སངས་རྒྱས་ཀྱི་བསྟན་པ་ཉི་མ་ཤར་བ་ལྟར་བྱུང་བ་དེ་ནི་བཀའ་དྲིན་ཆེན་པོ་ཡིན་པ་གསུངས།

གུ་རུ་རིན་པོ་ཆེའི་གཟུངས་སྔགས་བགྲང་བ་དང་། ལོ་ལྟར་གུ་རུའི་འབུམ་ཚོགས་འཚོགས་ཐུབ་པ་འདིས་གནས་སྐབས་བགེགས་བར་ཆད་སེལ་བ་དང་། མཐར་ཐུག་རྣམ་མཁྱེན་རྒྱལ་བའི་གོ་འཕང་འཐོབ་བྱེད་ཀྱི་རྒྱུར་འགྲོ་གི་ཡོད་པ། ཆོས་གང་ཞིག་བྱེད་ནའང་གཙོ་བོ་ཀུན་སློང་རྣམ་པར་དག་པ་ཞིག་དགོས་རྒྱུ་ནི་ཧ་ཅང་གལ་ཆེ་ཡིན་པའི་སྐོར་བཀའ་སློབ་ཟབ་མོ་བསྕལ། མཆོད་འབུལ་ཉིན་མཐའ་མར་ཡུལ་མི་དང་བོད་རིགས་མི་མང་བསྡོམས་དྲུག་བརྒྱ་ལྷག་ཙམ་ལ་མཇལ་ཁ་དང་ཕྱག་དབང་བཀྲིན་བསྐྱངས།

ལོ་ལྟར་རྒྱལ་བའི་སྐུ་ཕྱྭ་དང་། བསྟན་སྲིད། སྐྱེ་འགྲོ་བདེ་ཐབས་ཆེད་ཞབས་རིམ་སྨིན་སྒྲུབ་དང་། མ་ཧཱ་གུ་རུའི་འབུམ་ཚོགས་ཀྱི་ཚོགས་མགོན་དུ་བོད་ཀྱི་ཆོས་བརྒྱུད་རིས་མེད་ཀྱི་དབུ་བླ་ཞིག་གདན་དྲངས་སྲོལ་ཡོད་པ་ལྟར། འདི་ལོ་བོད་རིགས་མི་མང་གིས་༧སྐྱབས་རྗེ་ཀཿཐོག་དགེ་རྩེ་རིན་པོ་ཆེ་དབུ་བཞུགས་ཐོག་ཚོགས་འབུལ་གོ་སྒྲིག་ཞུས་པ་ཐེངས་ལྔ་པ་དེ་ཡིན། ཕྱི་ཚེས་བཅུ་བཞི་ཉིན་རྒྱབ་རྒྱ་གར་ལ་ཕེབས་ཡོད་འདུག །

གསར་འགོད་པ་ཆོས་ཉིད་འོད་ཟེར།

Share this:
༦༥༥ ཀློག་གྲངས།