སོག་རྫོང་ནས་བོད་མི་ཞིག་རྒྱ་ནག་གཞུང་གིས་བཙན་ཁྲིད་བྱས་ཡོད་འདུག

ཟླ་འདིའི་ཕྱི་ཚེས་༡༦ ཉིན་ཨོ་སི་ཀྲོ་ལི་ཡར་གནས་བཞུགས་དཀོན་མཆོག་ཚེ་དབང་གིས་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། བོད་ཁམས་སོག་རྫོང་ཁྲི་རྡོ་ཤང་ནས་ཡིན་པའི་གང་ཡི་ཟེར་བའི་བོད་མི་ཞིག་རྒྱ་ནག་གཞུང་གིས་ཟླ་འདིའི་ཕྱི་ཚེས་༨ ཉིན་འཛིན་བཟུང་དང་བཙན་ཁྲིད་བྱས་ནས་གར་སོང་ཆ་མེད་གྱུར་ཡོད་འདུག་ཅིང་། ད་ལྟ་ཁྱིམ་མི་ཉེ་འབྲེལ་དང་ཡུལ་མི་རྣམས་ཀྱིས་ཁོང་གི་སྐོར་ལ་གནས་ཚུལ་གང་ཡང་ཤེས་རྟོགས་ཐུབ་ཀྱི་མེད་པ་རེད་འདུག

དེ་ཡང་གནས་ཚུལ་མཁོ་སྤྲོད་བྱེད་མཁན་གྱིས་བརྗོད་པ་ལྟར་ན། ཕྱི་ཟླ་༥ པའི་ཕྱི་ཚེས་༨ ཉིན་གྱི་སྔ་དྲོར་རྒྱ་ནག་གི་ཉེན་རྟོག་མི་སྣ་སླེབས་ཏེ། གང་ཡིའི་ཁྱིམ་དུ་སྔོག་བཤེར་བྱེད་སྐབས་༧གོང་ས་མཆོག་གི་དཔེ་དེབ་དང་། དུས་འཁོར་དབང་ཆེན་སྐོར་གྱི་ཟེར་ལྡེར་བཅས་ཐོན་ཡོད་སྟབས་དེ་དག་ཕྲོགས་རྗེས། རང་ལོ་༥༠ ཙམ་ལ་སོན་པའི་ཁྱིམ་གྱི་ཕ་རྒན་གང་ཡི་བཙན་ཁྲིད་བྱས་ཡོད་འདུག་པ་དང་། དཔེ་དེབ་དང་ཟེར་ལྡེར་དེ་དག་ཁྱིམ་དུ་ཡོད་པ་རྒྱ་ནག་གཞུང་གིས་ཇི་ལྟར་ཤེས་པའི་སྐོར་ད་ལྟ་ཤེས་རྟོགས་ཐུབ་ཀྱི་མེད་འདུག

མ་གཞི་ནས་ཁྱིམ་ཚང་དེ་ནི་ཆབ་སྲིད་ཀྱི་གནད་དོན་དང་འབྲེལ་བའི་ཐོག་ནས་རྒྱ་ནག་གཞུང་གིས་དོགས་གཞི་བྱེད་ཡུལ་ཞིག་ཡིན་འདུག་པ་དང་། དེ་སྔོན་ཐེངས་ཁ་ཤས་ཕ་རྒན་གང་ཡི་ཡུལ་ཚོའི་ཐོག་སྐད་བཏང་ནས་འདྲི་རྩད་བྱས་ཡོད་པའི་གནས་ཚུལ་ཡོད་འདུག་ཀྱང་། ད་ཐེངས་བཞིན་རྒྱུན་རིང་པོར་བཀག་ཉར་བྱས་པ་དང་གར་ཡོད་མི་ཤེས་པའི་གནས་ཚུལ་བྱུང་མེད་འདུག

གཞན་ཡང་། དེ་སྔོན་ཁྱིམ་ཚང་དེའི་བུ་བསྟན་འཛིན་དང་ཆོས་གྲགས་གཉིས་སྔ་རྗེས་སུ་རིམ་པས་རྒྱ་ནག་གཞུང་གིས་འཛིན་བཟུང་དང་བཀག་ཉར་བྱས་རྗེས་ཕྱིས་སུ་གློད་གྲོལ་བཏང་ཡོད་སྐོར་གྱི་གནས་ཚུལ་ཡང་ཡོད་འདུག །

གསར་འགོད་པ་བཀྲ་ཤིས་དོན་གྲུབ།

Share this:
༥༥༨ ཀློག་གྲངས།