ཨ་རིའི་ནང་༧གོང་ས་མཆོག་གདན་འདྲེན་མི་ཞུ་བའི་རེ་བ་ཡོད་སྐོར་བརྗོད་འདུག

བོད་རང་སྐྱོང་ལྗོངས་ཀྱི་འཐུས་མིའི་སྐུ་ཚབ་ཚོགས་པའི་འགོ་ཁྲིད་པདྨ་དབང་འདུས་ཀྱིས། ཨ་རིའི་གྲོས་ཚོགས་འཐུས་མི་ཁག་ཅིག་ལ། ཨ་རྒྱ་གཉིས་ཀྱི་འབྲེལ་ལམ་ཆེད་དུ་༧གོང་ས་མཆོག་ཨ་རིར་གདན་འདྲེན་མི་ཞུ་བའི་རེ་བ་ཡོད་སྐོར་བརྗོད་འདུག

ཟླ་༥ པའི་ཚེས་༡༦ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ལྷོ་རྒྱ་ནག་ཞོགས་འཕྲིན་སྟེང་དུ་གནས་ཚུལ་བཀོད་གསལ། ཉེ་བའི་ཆར་ཁེ་ན་ཌར་སླེབས་ནས། དེ་གའི་རྒྱལ་ཡོངས་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་ནང་ཉན་ཞིབ་ཚོགས་འདུ་འཚོགས་ནས། རྣོ་ངར་ལྡན་པའི་དྲི་བ་མང་པོ་ཞིག་ལ་ལན་འདེབས་གསལ་པོ་བྱེད་མ་ཐུབ་མཁན་གྱི་བོད་རང་སྐྱོང་ལྗོངས་འཐུས་མིའི་སྐུ་ཚབ་ཚོགས་པ་ཅེས་པ་དེ། ཨ་རིར་སླེབས་ཡོད་འདུག་པ་དང་། སྐབས་དེར་ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་དུ་ཨ་རིའི་གྲོས་ཚོགས་འཐུས་མི་བཞི་དང་ཐུག་འཕྲད་བྱས་ཡོད་འདུག

འཐུས་མིའི་སྐུ་ཚབ་ཚོགས་པ་དེའི་སྣེ་ཁྲིད་པ་པདྨ་དབང་འདུས་ཀྱིས། བོད་ཀྱི་གནད་དོན་ནི་རྒྱ་ནག་ལ་ཚོར་བ་རྣོ་བའི་གནད་དོན་ཞིག་ཡིན་པས། ཨ་རྒྱ་གཉིས་ཀྱི་འབྲེལ་ལམ་ལ་དོ་ཕོག་མི་ཡོང་བའི་ཆེད། ཨ་རིས་ད་ནས་བཟུང་༧གོང་ས་མཆོག་ཨ་རིར་གདན་འདྲེན་མི་ཞུ་བ་དང་། ཁ་བྲལ་རིང་ལུགས་པ་ཚོས་རྒྱ་ནག་ལ་ཁ་གཏད་ཀྱི་ལས་འགུལ་སྤེལ་བར་རྒྱབ་སྐྱོར་མི་བྱེད་པའི་རེ་བ་རྒྱག་གི་ཡོད་སྐོར་བརྗོད་ཡོད་འདུག

ཐུག་འཕྲད་དེའི་སྐབས་རྒྱུན་དུ་ནས་རྒྱ་ནག་གི་བོད་ལ་བཟུང་བའི་སྲིད་ཇུས་ལ་སྐྱོན་བརྗོད་ཤུགས་ཆེན་བྱེད་མཁན་གྲོས་ཚོགས་འཐུས་མི་མཱེག་གྷོ་ཝེན་གྱིས་བོད་རྒྱ་གྲོས་མོལ་བསྐྱར་གསོ་བྱེད་པ་དང་། ༧གོང་ས་མཆོག་བོད་ལ་ཕེབས་འདོད་ཡོད་ཚེ་ཕེབས་འཇུག་དགོས་པའི་རེ་སྐུལ་དང་། རྒྱ་ནག་གིས་བོད་ཐོག་ལག་བསྟར་བྱེད་བཞིན་པའི་སྲིད་ཇུས་ལ་སེམས་འཚབ་ཡོད་སྐོར་གླེང་སློང་བྱས་ཡོད་འདུག

གྲོས་ཚོགས་འོག་མའི་ཨ་རི་དང་རྒྱ་ནག་འབྲེལ་ལམ་ཚོགས་ཆུང་གི་སྣེ་ཁྲིད་པ་གྲོས་ཚོགས་འཐུས་མི་ལཱར་སེན་དང་ལཱ་ཧོ་ཌེ་གཉིས་ཀྱིས་བསྒྲགས་གཏམ་ཞིག་སྤེལ་ནས། པདྨ་དབང་འདུས་དང་སྐུ་ཚབ་ཚོགས་པ་ཚོ་ལས། མ་འོངས་པའི་བོད་ཀྱི་མདུན་ལམ་དང་། ཁུལ་དེའི་མི་མང་གི་འཚོ་བ་ཡར་རྒྱས་སོགས་ཀྱི་ཐོག་ལ་ཉན་རྒྱུ་བྱུང་བར་དགའ་པོ་བྱུང་སྐོར་དང་། མ་འོངས་པར་བོད་ཀྱི་སྤྱི་ཚོགས་དང་དཔལ་འབྱོར་ཡར་རྒྱས་ཀྱི་ཐོག་གྲོས་མོལ་དེ་རིགས་མུ་མཐུད་ཡོང་བའི་རེ་བ་བྱེད་ཀྱི་ཡོད་སྐོར་བསྒྲགས་ཡོད་འདུག

ཉེ་བའི་ཆར་རྒྱ་གར་གྱི་ཨ་རིའི་གཞུང་ཚབ་པས་༧གོང་ས་མཆོག་དང་མཇལ་བཅར་ཞུས་ནས། ༧གོང་ས་མཆོག་ཨ་རིར་ཕེབས་པའི་གསོལ་འདེབས་ཞུས་ཡོད་པ་རེད།

ཕྱི་ལོ་༢༠༠༩ ལོ་ནས་རྒྱ་ནག་གིས་བོད་རང་སྐྱོངས་འཐུས་མིའི་སྐུ་ཚབ་ཅེས་པ་ཞིག ཨ་རིར་གཏོང་རྒྱུ་འགོ་བཙུགས་ཡོད་པ་རེད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།

Share this:
༨༡༦ ཀློག་གྲངས།