རྗུའི་མི་རིགས་ཀྱི་རང་སྲུང་འཐབ་རྩོད་ལ་བསམ་གཞིག

རྡོ་རྗེ་ཚེ་སྲུང་། ཨོ་སི་ཁྲུ་ལི་ཡ།

ཨ་མེ་རི་ཀ་མངའ་སྡེ་གཅིག་སྒྲིལ་གྱི་གཞུང་ཚབ་རྗེ་རུ་ས་ལེམ་དུ་སྤོས་པར་པ་ལི་སི་ཐན་པས་ཟིང་ཆ་ཆེན་པོ་བསླངས་ཤིང་། མི་གྲངས་ལྔ་བཅུའི་ཚེ་སྲོག་ཤོར་བའི་ཐད་ལ་ཕལ་ཆེར་ནག་ཉེས་ཡོངས་རྫོགས་ཨི་ཟི་རལ་ལ་ཡོད་པ་ལྟ་བུའི་གླེང་ཕྱོགས་སྤེལ་གྱིན་ཡོད་པ་དེ་ནི་དེ་ཙམ་གནད་ལ་ཁེལ་ཞིང་། གཏིང་ཟབ་པའི་གོ་རྟོགས་ཤིག་གཏན་ནས་མ་རེད། ད་ལྟ་ད་དུང་ཡང་རྗུའི་མི་རིགས་ལ་མཚོན་ན་རང་གི་ཉེ་འཁོར་གྱི་དགྲ་བོ་རྣམས་ལ་ཁ་གཏད་གཅོག་བཞིན་འདུག་རྒྱུ་དེ་ལ་སྤྲོ་སྣང་གང་ཡང་མེད་པ་ཐག་ཆོད། རྒྱུ་མཚན་གང་ཞིག་རེད་ཟེར་ན། རྗུའི་མི་རིགས་ཟེར་བའི་ལོ་རྒྱུས་མགོ་ཚུགས་ནས་ད་བར་དུ་དྲག་ཤུགས་ཀྱི་གཤིས་ཀ་གཏན་ནས་མེད་མཁན་ཞིག་དང་། རྗུའི་མི་རིགས་ཟེར་བ་དེ་དཔེ་དེབ་ལ་དུང་ཞེན་ཆེ་བའི་སྤྱི་ཚོགས་ཤིག་རེད། ཁོང་ཚོས་མཚན་ཉིད་རིག་པ་དང་། ཚན་རིག་སོགས་ཀྱི་ཤེས་བྱའི་ཐད་ལ་བྱས་རྗེས་རྒྱ་ཆེན་པོ་བཞག་ཡོད་མཁན་ཞིག་རེད། རྗུ་རིགས་སམ་ཧི་བྷི་རུ་ཟེར་བའི་སྤྱི་ཚོགས་དེ་ལྟ་བུའི་ཤེས་རིག་ལ་དུང་ཞེན་ཆེ་བའི་སྤྱི་ཚོགས་གཞན་ཞིག་རྙེད་ཁག་པོ་རེད།

ངས་བརྗོད་འདོད་པ་གཙོ་བོ་གང་ཡིན་ཟེར་ན། རྗུའི་མི་རིགས་ཟེར་བ་དེ་སློབ་སྦྱོང་དང་གསར་བཏོད་ལ་དགའ་མཁན་གྱི་སྤྱི་ཚོགས་ཤིག་ཡིན་པ་མ་གཏོགས་མཚོན་ཆ་ཁྱེར་ནས་དྲག་སྤྱོད་ཀྱིས་རང་གི་ཉེ་འཁོར་གྱི་ཡུལ་སྡེ་ལ་རྒོལ་རྡུང་བཙན་འཛུལ་བྱེད་མཁན་ཞིག་གང་ཡང་མ་རེད། བྷེ་བྷི་ལོ་ནི་སྤྱི་ཚོགས་ཀྱིས་ཐོག་མར་རྗུའི་ལྷ་ཁང་གཏོར་མགོ་ཚུགས་པ་ནས་ད་ལྟའི་བར་དུ་མི་ལོ་ཉིས་སྟོང་ལྔ་བརྒྱ་ཙམ་གྱི་རིང་འདིར། རྗུའི་མི་རིགས་ཀྱི་མཚོན་ཆ་ཁྱེར་ནས་འཐབ་རྩོད་བྱེད་དགོས་ཐུག་ཡོད་ན་ཡང་། འཐབ་རྩོད་ཚང་མ་རང་སྲུང་གི་ཆེད་དུ་ཡིན་པ་མ་གཏོགས་བཙན་འཛུལ་གྱི་གནས་བབས་ཡོད་པ་ཞིག་གཏན་ནས་མ་རེད། ཁྱིམ་མཚེས་ཨི་ཟི་ལམ་ཁ་ཆེ་ཆོས་ལུགས་པ་ཚོ་ལྟར་དུ་དྲག་ཤུགས་ལ་བརྟེན་ནས་ཡུལ་སྡེ་གཞན་དབང་དུ་བསྡུ་བ་དང་། ཆོས་ལུགས་མི་མཐུན་པ་རྣམས་ཚེ་གཡོག་ཏུ་བཀོལ་བ་སོགས་ཀྱི་ལོ་རྒྱུས་ཀྱང་གཏན་ནས་མེད་པ་ཞིག་རེད།

གནའ་སྔ་མོའི་རོམ་གྱི་རྒྱལ་རབས་ནས་ཉེ་བའི་ཆའི་འཇར་མན་ན་རྫུའི་བར་དུ་རྗུའི་མི་རིགས་ལ་དྲག་གནོན་ཐེབས་པའི་སྐབས་སུ་ཁོང་ཚོ་དཔའ་སྤོབས་ཆེན་པོས་ཡར་ལངས་ཏེ་རང་ཉིད་འཚོ་གནས་རྩ་སྟོངས་སུ་མི་འགྲོ་བའི་ཆེད་དུ་འཐབ་རྩོད་བྱེད་དགོས་བྱུང་བ་རེད། ཕྱི་ལོ་༡༩༤༨ ལོར་ཨི་ཟི་རལ་ཟེར་བའི་རྗུའི་ཡི་རང་ཡུལ་བདག་ཐོབ་བྱུང་མགོ་ཚུགས་ནས་ཀྱང་དམག་འཁྲུགས་རེ་རེ་བཞིན་དུ་བསམ་བློ་བཏང་ན་ཚང་མ་ཡང་རང་སྲུང་གི་ཆེད་དུ་བྱས་པ་ཤ་སྟག་རེད། ཁོང་ཚོའི་ཁྱིམ་མཚེས་ཚོའི་སྤྱོད་ངན་ལ་བརྟེན་ནས་མི་འཐབ་དབང་མེད་བྱུང་བ་ཤ་སྟག་ཀྱང་རེད།

ཨི་ཟི་རལ་གྱི་སྲིད་བློན་རབས་བཞི་པ་གྷོལ་ཌ་མེར་Gold Meir གྱིས་འདི་ལྟར་གསུངས་མྱོང་། “ཨ་རབ་པ་ཚོས་ང་ཚོའི་བུ་ཕྲུག་དམར་གསོད་བྱས་པ་དེ་ལ་ང་ཚོས་བསམ་ཤེས་ཐུབ་ཀྱང་། ཨ་རབ་པ་ཚོས་ཁོ་རང་ཚོའི་བུ་ཕྲུག་རྣམས་ང་ཚོར་དབང་མེད་དུ་གསོད་འཇུག་པ་དེ་ང་ཚོས་བསམ་ཤེས་གཏན་ནས་ཐུབ་ཀྱི་མི་འདུག ཨ་རབ་པ་ཚོ་ང་ཚོ་ལ་སྡང་བ་ལས་ལྷག་ཙམ་ཁོ་རང་ཚོའི་བུ་ཕྲུག་ལ་བརྩེ་བའི་ཉི་མ་དེ་ནས་ང་ཚོ་མཐུན་འབྲེལ་མཉམ་གནས་ཐུབ་ངེས་རེད།” ཅེས་པ་དེ་ནི་ངོ་མ་བསམ་བློ་གཏོང་རིན་ཡོད་པའི་སྐད་ཆ་ཞིག་བཤད་མྱོང་བ་རེད།།

Share this:
༢༨༧ ཀློག་གྲངས།