དོན་གཅོད་ཟུར་པ་སྤེན་པ་ཚེ་རིང་གིས་ཁྲིམས་གཏུག་གནང་འདུག

ཟླ་འདིའི་ཚེས་༡༨ ཉིན་ཨ་རིའི་སྐུ་ཚབ་དོན་གཅོད་ཟུར་པ་སྤེན་པ་ཚེ་རིང་གིས། བཀའ་ཤག་གིས་དོན་གཅོད་ཀྱི་ལས་གནས་འཕོ་འགྱུར་གཏོང་སྟངས་མ་འགྲིག་སྐོར་དང་འབྲེལ་ནས་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་ཞུ་གཏུག་བྱས་ཡོད་པ་རེད།

དོན་གཅོད་ཟུར་པ་སྤེན་པ་ཚེ་རིང་ལ་གྱོད་གཞི་ག་རེའི་ཐོག་ཞུ་གཏུག་བྱས་ཡོད་མེད་གསར་འགོད་པས་དྲིས་པར། ཁོང་གིས། “གྱོད་གཞི་དེ་དམིགས་བསལ་ཞུ་རྒྱུའི་འདོད་པ་མེད། ཁྲིམས་ཞིབ་ཁང་ནས་ངོས་ལེན་གནང་སོང་ན། གནས་ཚུལ་ག་རེ་ཡིན་གསལ་པོ་ཆགས་ཡོང་གི་རེད། གྱོད་གཞི་དེ་ང་ལ་མ་ཉེས་ཁག་གཡོག་རེད། ངས་ནོར་འཁྲུལ་བྱས་མེད་པ་ཞིག་བྱས་སོང་གསུང་གི་ཡོད་རེད། དེའི་བརྒྱུད་རིམ་རྣམ་པ་ཚོས་ཤེས་ཀྱི་རེད། ཁྲིམས་ཀྱིས་གནད་དོན་ཆགས་ཀྱི་ཡོད་པས། ཁྲིམས་ཞིབ་ཁང་ནས་ག་རེ་ཐག་གཅོད་གནང་ན་དེ་གཞིར་བཟུང་འགྲོ་རྒྱུ་རེད། གཙང་མ་ཆགས་རྒྱུར་ལམ་ཁ་གཉིས་རེད། གཅིག་དེ་འཛིན་སྐྱོང་གི་ངོས་ནས་ཐུགས་བསམ་བཞེས་རྒྱུ་དང་། གཉིས་པ་ཁྲིམས་ཞིབ་ཁང་ནས་གཙང་མ་བཟོ་རྒྱུ་དེ་རེད། ང་རང་ཚོའི་བོད་མིའི་སྒྲིག་འཛུགས་ཀྱིས་བཙུགས་བཞག་པའི་མང་གཙོའི་ཀ་བ་གསུམ་གྱི་བརྒྱུད་རིམ་ཚང་མ་འགྲོ་དགོས་རེད། ཁྲིམས་ཞིབ་ཁང་གིས་ཐག་བཅད་ཟིན་རྗེས་མི་མང་ལྷིང་འཇགས་ཡོང་བའི་རེ་བ་བྱེད་ཀྱི་ཡོད་”ཅེས་གསུངས་སོང་།

ཁོང་གིས་ཁྲིམས་གཏུག་བྱེད་དགོས་དོན་གསུང་དོན། “དཔལ་ལྡན་སྲིད་སྐྱོང་མཆོག་གིས་གཞུང་འབྲེལ་མཛད་སྒོའི་སྐབས་ག་རེ་གསུངས་ཡོད་རེད། ཚང་མས་མཁྱེན་མཁྱེན་པ་རེད། གལ་སྲིད་ཁྲིམས་ཁང་ལ་མ་བཅར་ན་མ་འོངས་པར་གནད་དོན་ག་རེ་ཆགས་ཤེས་ཀྱི་མ་རེད། གཙང་མ་བཟོ་རྒྱུའི་ལམ་ཁ་ཁྲིམས་ཞིབ་ཁང་ལས་ཡོད་པ་མ་རེད། ཁྲིམས་ཞིབ་ཁང་ལ་བཅར་རྒྱུ་ང་རང་བོད་པ་ཞིག་ཡིན་པའི་ཆ་ནས་ལས་འགན་རེད། སོ་སོ་ཁྲིམས་ཞིབ་ཁང་ལ་བཅར་སྐབས་སོ་སོར་བདེན་པ་ཞིག་ཡོད་པས་བཅར་གྱི་ཡོད་པ་རེད། ཐག་གཅོད་ག་རེ་བྱེད་མིན་ངས་ཞུ་ཤེས་ཀྱི་མ་རེད། ཁྲིམས་ཞིབ་ཁང་ནས་ཐག་ག་རེ་བཅད་ན་ང་ཚོ་བོད་མི་ཚང་མས་ངོས་ལེན་ཞུ་དགོས་རེད། ཁྲིམས་ཞིབ་ཁང་ནས་ཐག་མ་བཅད་བར་ང་ལ་དེ་ལས་གང་ཡང་ཞུ་རྒྱུ་མེད་”ཅེས་གསུངས་སོང་།

ད་དུང་ཁྲིམས་ཞིབ་ཁང་ནས་གྱོད་གཞི་ངོས་ལེན་བྱེད་མིན་ཐག་གཅོད་རྒྱུ་ཡིན་པ་རེད།།

གསར་འགོད་པ་ཆོས་ཉིད་འོད་ཟེར།

Share this:
༦༧༩༤ ཀློག་གྲངས།