རྒྱལ་སྤྱིའི་བོད་ཀྱི་འགྲེམས་སྟོན་ཉིན་མོ་སྲུང་བརྩི།

གང་ས་ཅི་ཐད་ནས་གཞན་དག་ཚོའི་ལད་ཟློས་འདྲ་བྱེད་མ་ཚར་ནས་བསྡད་ན་སོ་སོའི་གནས་སྟངས་དེ་ཕར་ཙམ་ལ་ལྷག་པའི་ཉེན་ཁ་ཡོད་སྐོར་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་ཀྱིས་རྒྱལ་སྤྱིའི་བོད་ཀྱི་འགྲེམས་སྟོན་གྱི་ཉིན་མོར་གསུངས་སོང་།

ཟླ་འདིའི་ཕྱི་ཚེས་༡༨ ཉིན་གྱི་སྔ་དྲོར་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་བོད་ཀྱི་འགྲེམས་སྟོན་ཚན་པས། རྒྱལ་སྤྱིའི་འགྲེམས་སྟོན་ཉིན་མོ་ཐེངས་༤༡ པའི་མཛད་སྒོའི་སྲུང་བརྩི་དྷ་ས་མེག་གྷན་བོད་ཀྱི་འགྲེམ་སྟོན་ཁང་དུ་ཞུས་སོང་ཞིང་། སྐབས་དེར་སྐུ་མགྲོན་གཙོ་བོར་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་དང་། ཕྱི་དྲིལ་དྲུང་ཆེ་ཚད་མཉམ་ཤར་གླིང་བསྟན་འཛིན་ཟླ་སྒྲོན་གཉིས་ཀྱིས་གཙོས་སྐུ་མགྲོན་རྣམ་པ་དང་། སློབ་ཕྲུག་ཁག་གཅིག་བཅས་ཕེབས་འདུག་པ་དང་། དུས་དྲན་འདི་ཕྱི་ཚེས་༡༨ དང་༡༩ བཅས་ཉིན་གཉིས་རིང་སྲུང་བརྩི་བྱ་རྒྱུ་རེད་འདུག

སྐབས་དེར་ཤར་གླིང་བསྟན་འཛིན་ཟླ་སྒྲོན་གྱིས་བོད་ཀྱི་འགྲེམས་སྟོན་ཚན་པས། ལོ་རྒྱུས་རང་བཞིན་གྱི་བྱུང་བ་རྣམས་པར་རིས་དང་སྒྱུ་རྩལ་གྱི་ལམ་ནས་སྟོན་ཐབས་བྱེད་བཞིན་ཡོད་སྐོར་དང་། སྤྱིར་འགྲེམས་སྟོན་ཁང་གི་ནུས་པ་སོགས་ཀྱི་སྐོར་ལ་གསུང་བཤད་གྲུབ་མཚམས།མཛད་སྒོའི་སྐུ་མགྲོན་གཙོ་བོ་ཆོས་རིག་དྲུང་ཆེ་གཡུ་ཐོག་ཀརྨ་དགེ་ལེགས་ཀྱིས་གསུང་དོན་དུ་“རྒྱལ་སྤྱིའི་འགྲེམས་སྟོན་གྱི་ཉིན་མོ་ཟེར་བ་དེ། འཛམ་གླིང་དམག་ཆེན་དང་པོ་དང་གཉིས་པ་བརྒྱབས་རྗེས། རྒྱལ་སྤྱིའི་འགྲོ་བ་མི་ཚང་མ་གང་ས་ཅི་ཐད་ནས་གཅིག་མཚུངས་ཡིན་པ་དང་། མི་རིགས་ཚང་མར་རིན་ཐང་ཅན་གྱི་གནས་ཚུལ་མང་པོ་ཡོད་པ། ཚང་མ་མཉམ་མཐུན་དང་མཉམ་རུབ། གཅིག་གིས་གཅིག་ལ་བརྩི་བཀུར་དང་ཕན་ཚུན་གྱི་གནས་ཚུལ་དང་ལོ་རྒྱུས་ལ་ཤེས་རྟོགས་བྱེད་རྒྱུ་སོགས་ཧ་ཅང་གལ་ཆེན་པོ་རུ་མཐོང་ནས། དེ་འདྲའི་གནས་ཚུལ་དེ་ཁྱབ་སྤེལ་དང་གོ་རྟོགས་ཡོང་བར། འགྲེམས་སྟོན་དེ་བརྒྱུད་ལམ་འདྲ་པོ་ཡག་ཤོས་ཤིག་ཆགས་ཀྱི་ཡོད་རེད། གང་ཡིན་ཟེར་ན། འགྲེལ་བཤད་མང་པོ་རྒྱག་མ་དགོས་པར་མིག་མཐོང་ལག་ཟིན་ཐོག་ནས་བལྟ་རྒྱུ་ཡོད་དུས་དེ་ཤུགས་ཆེན་པོ་དང་ནུས་པ་ཆེན་པོ་འདྲ་ཞིག་མཐོང་ནས། དེའི་ཉིན་མོར་སྲུང་བརྩི་ཞུ་འགོ་བཙུགས་པ་ཡིན་གྱི་རེད་དྲན་གྱི་འདུག དེར་བརྟེན། ང་རང་ཚོའི་ངོས་ནས་ཀྱང་དེ་དག་གི་ཐོག་ལ་གོ་རྟོགས་སྤེལ་རྒྱུ་དང་། བེད་སྤྱོད་ཡག་པོ་བྱེད་རྒྱུ་དེ་གལ་ཆེན་པོ་རེད། དེ་རིང་འདི་འདྲ་བྱས་པར་བསྔགས་བརྗོད་དང་རྗེས་སུ་ཡི་རངས་ཞུ་རྒྱུ་ཡིན་”ཞེས་གསུངས་སོང་།

དེ་བཞིན་ཁོང་གིས་ལམ་སྟོན་དང་འབྲེལ་ནས་གསུང་བཤད་གནང་དོན་དུ་“འགྲེམས་སྟོན་གྱི་ཉིན་མོ་དེ་ངས་ཟེར་ན། རྒྱལ་སྤྱིས་གཅིག་བྱེད་ཀྱི་འདུག ང་ཚོས་ཀྱང་བྱེད་ཀྱི་ཡིན། རྒྱལ་སྤྱིས་གཉིས་བྱེད་ཀྱི་འདུག ང་ཚོས་ཀྱང་བྱེད་ཀྱི་ཡིན་ཟེར་བ་དེ་འདྲ་མིན་པ་བྱས། རྒྱལ་སྤྱིས་དེ་བྱས་པར་ཐོག་མའི་རྒྱབ་ལྗོངས་ཀྱི་དམིགས་ཡུལ་ག་རེ་རེད་འདུག དེ་ད་ལྟ་ཁོ་རང་ཚོས་བརྩི་སྲུང་མ་བྱས་ན་ཡང་ང་ཚོར་ཇུས་གཏོགས་མི་འདུག ང་རང་ཚོས་དེའི་རྒྱུ་མཚན་དེ་བཙལ་ནས་དེ་ང་རང་ཚོ་དང་འབྲེལ་བ་ཡོད་པ་དང་། ཕན་པ་ཞིག་འདུག་ན་བྱེད། འབྲེལ་བ་དེ་ཙམ་མེད་པ་དང་། ཕན་ཐོགས་དེ་ཙམ་མེད་པ་ཞིག་ཡིན་ན་ཕར་བཞག་ན་འགྲིག་གི་རེད་བ། བྱས་ན་སྙིང་པོ་དང་ལྡན་པ་བྱེད་དགོས་རེད། གཞན་དག་ཚོས་རྒྱས་རྒྱས་སྤྲོས་སྤྲོས་དགའ་དགའ་སྤྲོ་སྤྲོ་ཟེར་བ་དེ་ང་ཚོ་དྲང་པོར་བཤད་ན་སྐྱབས་བཅོལ་བ་ཡིན་དུས། དེ་འདྲ་བྱེད་རྒྱུའི་གནས་བབ་ཡོད་མ་རེད། སྣང་བ་འདྲ་པོ་ཞིག་དག་ནས་ང་ཚོ་ལོ་༦༠ འཁོར་འགྲོ་ཡི་ཡོད་རེད། གང་ས་ཅི་ཐད་ནས་གཞན་དག་ཚོའི་ལད་ཟློས་འདྲ་བྱེད་མ་ཚར་ནས་བསྡད་ན་སོ་སོའི་གནས་སྟངས་དེ་ཕར་ཙམ་ལ་ལྷག་པའི་ཉེན་ཁ་ཡོད་དུས་དེ་འདྲའི་ཐོག་ལ་གཅིག་བྱས་ནས་སྙིང་པོ་ལྡན་པ་དང་། དོན་དང་ལྡན་པ་བྱ་རྒྱུ་དེ་གལ་ཆེན་པོ་རེད། དེ་ལྟར་ཐུགས་ལ་འཇགས་རོགས་གནང་།”ཞེས་གསུངས་སོང་།།

ཕྱི་དྲིལ་བོད་ཀྱི་འགྲེམས་སྟོན་ཁང་གིས་ཕྱི་ལོ་༡༩༩༨ ལོ་ནས་འགྲེམས་སྟོན་གྱི་ལས་འགུལ་རབ་དང་རིམ་པ་སྤེལ་མུས་ཡིན་འདུག་ཅིང་། ཕྱི་ལོ་༢༠༡༤ ལོ་ནས་བཟུང་ཕྱི་ཟླ་༥ པའི་ཕྱི་ཚེས་༡༨ ཀྱི་ཉིན་མོར་རྒྱལ་སྤྱིའི་བོད་ཀྱི་འགྲེམས་སྟོན་གྱི་ཉིན་མོར་སྲུང་བརྩི་ཞུ་འགོ་བརྩམས་པ་དང་། དེ་ཡང་རྒྱལ་སྤྱིའི་འགྲེམས་སྟོན་མཐུན་ཚོགས་ཀྱིས་གཏན་འབེབས་གནང་བའི་བརྗོད་གཞི་གཞིར་བཟུང་། ‘ཚད་མཐོའི་ལམ་གྱི་འགྲེམས་སྟོན་ཁང་། ལངས་ཕྱོགས་དང་མི་རབས་གསར་པ།’(Hyperconnected Museums New New Approaches. New Publics)ཞེས་པའི་བརྗོད་གཞིའི་ཐོག་ནས་འགྲེམས་སྟོན་བྱེད་བཞིན་འདུག་པ་མ་ཟད། རྒྱལ་སྤྱིའི་འགྲེམས་སྟོན་གྱི་ཉིན་མོ་ནི། རྒྱལ་སྤྱིའི་འགྲེམས་སྟོན་མཐུན་ཚོགས་ཀྱིས་ཕྱི་ལོ་༡༩༧༧ ལོར་ཐེངས་དང་པོར་སྲུང་བརྩི་ཞུ་འགོ་བཙུགས་ནས། འདི་ལོར་རྒྱལ་ཁབ་༡༥༧ ལྷག་གི་འགྲེམས་སྟོན་ཁང་མི་འདྲ་བ་༣༦༠༠༠ ནང་རྒྱལ་སྤྱིའི་འགྲེམས་སྟོན་ཉིན་མོར་སྲུང་བརྩི་ཞུ་བཞིན་ཡོད་པ་རེད་འདུག །

གསར་འགོད་པ་བཀྲ་ཤིས་དོན་གྲུབ།

 

Share this:
༣༡༨ ཀློག་གྲངས།