བོད་ཀྱི་རྐང་སྤོལ་རུ་ཁག་རྒྱལ་སྤྱིའི་རྩེད་འགྲན་ནང་ཞུགས་རྒྱུ་རེད་འདུག

བོད་ཀྱི་རྐང་རྩེད་སྤོ་ལོའི་རུ་ཁག་དབྱིན་ཡུལ་དུ་རྩེད་མོ་རྩེ་རུ་ཕེབས་ཀྱི་ཡོད་རེད་དེ། ཆབ་སྲིད་ཀྱི་ཐོག་ནས་དེ་བྱས་རྗེས་དང་གྲུབ་འབྲས་ཆེན་པོ་ཞིག་ཡིན་སྐོར་སྲིད་སྐྱོང་གིས་གསུངས་སོང་།

ཟླ་འདིའི་ཕྱི་ཚེས་༡༨ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་དྲུང་གི་ཚོགས་ཁང་དུ། བོད་རྒྱལ་ཡོངས་རྐང་རྩེད་སྤོ་ལོའི་བུའི་རུ་ཁག་དབྱིན་ཡུལ་གྱི་རྒྱལ་ས་ལོན་ཌོན་ཏུ། ཕྱི་ཟླ་༥ པའི་ཚེས་༣༡ ནས་ཕྱི་ཟླ་༦ པའི་ཚེས་༩ བར་འཚོག་རྒྱུའི་(CONIFA) ཞེས་པའི་འཛམ་གླིང་རྐང་སྤོལ་འགྲན་བསྡུར་ནང་ཚུད་ཡོད་སྐོར་གྱི་གསར་འགོད་གསལ་བསྒྲགས་ཤིག་གནང་སོང་ཞིང་། སྐབས་དེར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་དང་། འཕྲོད་བསྟེན་བཀའ་བློན་དང་བོད་རྒྱལ་ཡོངས་རྩེད་རིག་ཚོགས་པའི་ཚོགས་གཙོ་ཆོས་སྐྱོང་དབང་ཕྱུག རྩེད་རིག་ཚོགས་པའི་འགན་འཛིན་པ་སངས་རྡོ་རྗེ། སྦྱོང་བརྡར་སྤྲོད་མཁན་པདྨ། རུ་དཔོན་ཀརྨ་བཅས་ཀྱིས་དབུས། རྩེད་འགྲན་པ་རྣམས་འཛོམས་འདུག

སྐབས་དེར་སྲིད་སྐྱོང་བློ་བཟང་སེངྒེས་གསུང་དོན་དུ་“ཏན་ཏན་ད་རེས་ང་ཚོ་བོད་མིའི་སྒྲིག་འཛུགས་ཡིན་ན་རེད། བོད་མི་ས་ཡ་དྲུག་ཚང་མ་དགའ་སྤོབས་བྱེད་དགོས་པའི་ཉིན་མོ་ཞིག་རེད་བསམ་གྱི་ཡོད། ད་ལྟ་ང་ཚོ་ལུང་པ་མེད་པའི་གནས་སྟངས་དང་། བོད་ལ་རང་དབང་མེད་པའི་གནས་སྟངས་ཆགས་ཡོད་དུས། གཞི་རྩའི་བོད་ཀྱི་གནད་དོན་ཐད་རྒྱལ་སྤྱིའི་སྡིངས་ཆའི་ཐོག་ནས་རེད། ནམ་རྒྱུན་དུ་ཆབ་སྲིད་ཀྱི་ཐོག་ནས་ལས་འགུལ་སྤེལ་གྱི་ཡོད་རེད། དེ་བཞིན་ཆོས་རིག་གཞུང་མི་ཉམས་གོང་འཕེལ་དང་སྲུང་སྐྱོབ་ཀྱི་ཐོག་ནས་ཡིན་ན་ཡང་། ང་ཚོ་ཧ་ལས་པའི་ཡག་པོ་འགྲོ་བཞིན་ཡོད་རེད། བོད་མིའི་སྒྲིག་འཛུགས་ཡིན་ན་ཡང་༧གོང་ས་མཆོག་གི་དགོངས་པ་གཞིར་བཟུང་། ཁོང་གིས་གསོལ་རས་གནང་བའི་མང་གཙོའི་ལམ་ལུགས་ཀྱི་ཐོག་ནས་ཤེས་རིག་དང་། དཔལ་འབྱོར། ཆོས་རིག་རེད། ལྷན་ཁང་ཁག་ཚང་མ་སོ་སོས་ལས་ཀ་བྱས་ནས་ལོ་༦༠ རིང་ལ་འཛམ་གླིང་གི་སྐྱབས་བཅོལ་བ་ས་ཡ་༦༠ ལྷག་གི་ཁྲོད་ནས་ཚགས་ཚུད་ཤོས་དེ་ང་ཚོ་ཆགས་ཡོད་རེད། དེ་ཡིན་དུས་༧གོང་ས་མཆོག་གི་དགོངས་པ་ཡིན་ན་རེད། བོད་ནང་གི་བོད་མིའི་མངོན་འདོད་ཡིན་ན་རེད། གང་ཅིའི་ཐད་ནས་ང་ཚོས་ད་ལྟའི་ཆར་འཕྲལ་དུ་བསྒྲུབ་མ་ཐུབ་ན་ཡང་རྨང་གཞི་ཧ་ཅང་ཡག་པོ་བཏིང་ཡོད་རེད།”ཅེས་གསུངས་སོང་།

དེ་བཞིན་ཁོང་གིས་མུ་མཐུད་ནས་“ང་ཚོར་རྒྱལ་སྤྱིའི་སྡིངས་ཆ་ཐོབ་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད། ང་ཉེ་ཆར་རང་ལ་འཇར་མན་ནས་འཁོར་ཚར་ཙམ་ཡིན། གྲོས་ཚོགས་ཀྱི་ཚོགས་མི་འཇལ་རྒྱུ་རེད། གསར་འགྱུར་བརྒྱུད་ལམ་ཁག་ནས་ཐོན་པ་རེད། དེ་དག་ལ་རྒྱ་ནག་གི་གནོན་ཤུགས་ཤུགས་ཆེན་པོ་དེ་འདྲ་ཡོད་རེད་དེ། ང་ཚོར་སྡིངས་ཆ་རག་ཡོང་གི་ཡོད་རེད། ད་ལན་ང་ཚོའི་རྐང་རྩེད་སྤོ་ལོའི་རུ་ཁག་ཁོ་རང་ཚོ་ཡིན་ན་ཡང་། གཞི་རྩའི་ཆ་ནས་རྩེད་མོ་རྩེ་རུ་ཕེབས་ཀྱི་ཡོད་རེད་དེ། ཆབ་སྲིད་ཀྱི་ཐོག་ནས་ཡིན་ན་ཡང་བྱས་རྗེས་ཤིག་དང་གྲུབ་འབྲས་ཆེན་པོ་ཞིག་རེད་བསམ་གྱི་འདུག གང་ཡིན་ཟེར་ན་ཁོ་རང་ཚོས་བོད་རྒྱལ་ཁབ་དང་བོད་མི་རིགས་ཀྱི་ཚབ་བྱས་ནས་རྒྱལ་སྤྱིའི་སྡིངས་ཆའི་ནང་ལ་རྩེད་རིག་རུ་ཁག་༣༨ ནང་ལ་ཚུད་ཐུབ་པ་ཙམ་གྱིས་བྱས་རྗེས་ཧ་ཅང་ཆེན་པོ་རེད། དེ་ཡིན་དུས་འགན་འཛིན་པ་སངས་ལགས་ཀྱིས་ད་ལྟ་སེམས་ཚོར་ཧ་ཅང་ཆེན་པོའི་ཐོག་ནས་གསུང་གི་འདུག དངོས་གནས་དཀའ་ལས་ཧ་ལས་པ་བརྒྱབས་པ་རེད།”ཅེས་དང་། རྩེད་རིག་འགྲན་བསྡུར་ནང་ཚུད་པར་སྦྱོང་བརྡར་སྤྲོད་མཁན་པདྨ་དང་། འབྲེལ་ཡོད་ས་གནས་འགོ་འཛིན་རྣམ་པ་སོགས་ཚང་མས་ཧུར་ཐག་བྱས་པའི་མཐུ་ལ་བརྟེན་ནས་བྱུང་བ་ཡིན་སྟབས་དགའ་སྤོབས་སྐྱེ་འོས་པ་ཞིག་ཡིན་སྐོར་དང་། དེ་སྔོན་དང་མི་འདྲ་བར་ད་ལྟ་བོད་པའི་རྐང་སྤོལ་རུ་ཁག་ཡར་རྒྱས་སོང་ནས་ན་ནིང་ལོར་རྒྱ་གར་གྱི་འགྲན་སྡུར་ཞིག་ནང་བྱས་རྗེས་ཆེན་པོ་བཞག་ཡོད་སྐོར་སོགས་ཟབ་རྒྱས་གསུངས་སོང་།

དེ་བཞིན་སྐབས་དེར་བོད་རྒྱལ་ཡོངས་རྐང་རྩེད་སྤོ་ལོའི་རུ་ཁག་གི་འགན་འཛིན་པ་སངས་རྡོ་རྗེས་ད་ཐེངས་ཀྱི་རྩེད་འགྲན་དང་འབྲེལ་ནས་གསུངས་དོན་དུ། རྒྱལ་སྤྱིའི་རྐང་སྤོལ་འགྲན་བསྡུར་(FIFA Wolrd Cup)ནང་མ་ཚུད་པའི་རང་བཙན་མེད་པའི་རྒྱལ་ཁབ་ཚོའི་རྩེད་འགྲན་པ་རྣམས་ཀྱི་སྡིངས་ཆ་ཚད་མཐོ་ཤོས་གྲས་ཀྱི་རྐང་སྤོལ་འགྲན་བསྡུར(CONIFA World Cup) ནང་། བོད་རྒྱལ་ཡོངས་རྐང་རྩེད་སྤོ་ལོའི་བུའི་རུ་ཁག་ཚུད་ཡོད་པ་དང་།  དེ་ནི་ང་རང་ཚོ་བོད་པ་རྣམས་ལ་མཚོན་ན་སྤོབས་པ་སྐྱེ་འོས་པ་ཞིག་ཡིན་སྟབས་ཚོར་ཤུགས་ཆེན་པོའི་ཐོག་ནས་གསར་འགོད་ལྷན་ཚོགས་འདི་བསྐོངས་པ་ཡིན་སྐོར་དང་། འགྲན་བསྡུར་འདིའི་ནང་ཚུད་ཆེད་དུ་ན་ནིང་ནས་གྲ་སྒྲིག་བྱས་ནས་དཀའ་ལས་རབ་དང་རིམ་པར་བརྒྱབས་མཐར། ད་ལྟ་འགྲན་བསྡུར་དངོས་ནང་ཚུད་དེ། སང་ཉིན་དྷ་ས་ནས་ཐོན་ཏེ་ཕྱི་ཚེས་༢༡ ཉིན་ལྡི་ལི་ནས་མཁའ་ལམ་བརྒྱུད་རྡོག་ཐོན་གྱིས་དབྱིན་ཡུལ་ལ་སྔོན་ཚུད་དུ་འབྱོར་བ་བྱས་ནས་རྒྱལ་ཁབ་གཞན་དང་མཉམ་དུ་སྦྱོང་བརྡར་རྒྱུ་ཡིན་པ་དང་། ད་ནང་ཞོགས་པར་༧གོང་ས་མཆོག་གི་དྲུང་དུ་མཇལ་བཅར་ཞུ་རྒྱུའི་སྐལ་བ་ཐོབ་སྐབས། ཁོང་གིས་བོད་པ་དེ་མི་རིགས་གཞན་དང་མ་འདྲ་བ་ཞིག་ཡིན་དུས་དེའི་ངོ་བོའི་ཐོག་རྩེད་མོའི་འཛུམ་མུལ་མུལ་ངང་རྩེ་དགོས་པ་དང་། རྩེད་མོ་ཚར་རྗེས་ཀྱང་ཆང་རག་སོགས་བག་མེད་ཀྱི་ལས་ལ་རོལ་མི་རུང་བ་སོགས་ཀྱི་བཀའ་སློབ་གནང་བྱུང་སྐོར། འགྲན་བསྡུར་འདིའི་ཆེད་དུ་བོད་གཞུང་ནས་འགྲིམས་འགྲུལ་མཚོན་པའི་འགྲོ་གྲོན་གྱི་ཆེད་དུ་ཧིན་སྒོར་འབུམ་༡༥ གནང་བྱུང་བ་དང་། ཡིག་ཆའི་ཐོག་ནས་དཀའ་ངལ་མང་པོ་བྱུང་ཡོད་ཀྱང་དེའི་ཆེད་དུ་སྲིད་སྐྱོང་གཙོས་པའི་ལྡི་ལིའི་དོན་གཅོད་དང་། དབྱིན་ཡུལ་བོད་གཞུང་སྐུ་ཚབ་དོན་གཅོད་ཁང་། འབྲེལ་ཡོད་ལས་བྱེད་རྣམ་པ་བཅས་ཀྱིས་སྐུ་ངལ་མང་པོ་བསྐྱོན་པའི་འབྲས་བུར་ད་ཐེངས་རྒྱལ་ཁ་ཆེན་པོ་ཞིག་ཐོབ་བྱུང་སྐོར། ད་ཐེངས་ཀྱི་རྩེད་འགྲན་འདིའི་ནང་མཉམ་ཞུགས་བྱེད་མཁན་རྒྱ་གར་ནང་ཡོད་པའི་བོད་པའི་གཞིས་ཆགས་ཁག་དང་། བལ་ཡུལ་བཅས་ནས་འཚར་ལོང་བྱུང་བ་དང་། དེ་བཞིན་བོད་ནས་རྒྱ་གར་ལ་འབྱོར་བ་བཅས་ས་ཆ་འདྲ་མིན་ནས་ཡིན་པའི་བོད་པ་རྩེད་འགྲན་པ་༡༥ དང་།  ཨ་རི་དང་། ཁེ་ན་ཌ། ཡོ་རོབ། དབྱིན་ཡུལ་བཅས་ནས་བོད་པ་རྩེད་འགྲན་པ་༢ རེ་བཅས་ཁྱོན་བོད་པ་རྩེད་འགྲན་པ་༢༣ ཡོད་སྐོར་སོགས་གསུངས་སོང་།།

གསར་འགོད་པ་བཀྲ་ཤིས་དོན་གྲུབ།

Share this:
༢༨༠༩ ཀློག་གྲངས།