དྲུག་བཞིའི་དོན་རྐྱེན་རྗེས་དྲན་དང་འབྲེལ་ནས་རྒྱ་གཞུང་ལ་ངོ་རྒོལ།

ཧོང་ཀོང་གི་ལས་འགུལ་བ་སྐོར་ཞིག་གིས། དྲུག་བཞིའི་དོན་རྐྱེན་ལ་རྗེས་དྲན་དང་འབྲེལ་རྒྱ་ནག་གཞུང་ལ་ངོ་རྒོལ་ཆེད། སྲིད་གཞུང་གཅིག་གི་དབང་སྒྱུར་རིང་ལུགས་མཚམས་འཇོག་དགོས་པ་བྲིས་པའི་ཤོག་བྱ་གནམ་ནང་བཏང་ཡོད་འདུག

ཟླ་འདིའི་ཕྱི་ཚེས་༢༡ ཉིན་ཧོང་ཀོང་རང་དབང་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཧོང་ཀོང་གི་ལས་འགུལ་བ་སྐོར་ཞིག་གིས་ཁ་སང་ཕྱི་ཚེས་༢༠ ཉིན་“སྲིད་དབང་སྒེར་གཅོད་ལ་འགོག་རྒོལ་དང་། དྲུག་བཞིའི་དོན་རྐྱེན་ལ་རྗེས་དྲན་བྱེད་”ཅེས་པ་དང་། “ཆབ་སྲིད་ཚོགས་པ་གཅིག་ཁོ་ནའི་དབང་སྒྱུར་མཚམས་འཇོག་བྱེད་དགོས།”ཞེས་བྲིས་པའི་ཤོག་བྱ་གཉིས་ནམ་མཁར་བཏང་ནས། དྲུག་བཞིའི་དོན་རྐྱེན་སྐབས་རང་དབང་དང་། ཐོབ་ཐང་། མང་གཙོ་བཅས་ཀྱི་ཆེད་སྒེར་ལངས་བྱེད་མཁན་རྣམས་རྒྱ་གཞུང་གིས་དྲག་གནོན་གྱིས་སྡེབ་གསོད་བྱས་པར་རྗེས་དྲན་དང་། སྐབས་དེ་ནས་རྒྱ་གཞུང་གིས་བཙོན་འཇུག་བྱས་པ་རྣམས་གློད་གྲོལ་གཏོང་རྒྱུའི་འབོད་བརྡ་བཏང་ཡོད་པ་རེད་འདུག

དེ་ཡང་དྲུག་བཞིའི་དོན་རྐྱེན་གྱི་གོང་སྟེ། ཕྱི་ལོ་༡༩༨༩ ལོའི་ཕྱི་ཟླ་༥ པའི་ནང་རྒྱ་གཞུང་གི་དམག་མིས་གནམ་གྲུ་ནས་མཁའ་ལམ་བརྒྱུད་མྱུལ་ཞིབ་བྱས་པར། རང་དབང་དང་མང་གཙོ་འཐབ་རྩོད་པ་པེ་ཅིང་གི་སློབ་མ་རྣམས་ཀྱིས་ནམ་མཁར་ཤོག་བྱ་བཏང་སྟེ་དེར་འགོག་རྐྱེན་བཟོ་ཐབས་བྱས་ཡོད་པ་དང་། དེའི་རྗེས་ཕྱི་ལོ་༡༩༩༣ ལོ་ནས་བཟུང་། རང་དབང་དང་མང་གཙོའི་འཐབ་རྩོད་པ་དེ་དག་གི་ཕྱོགས་གཏོགས་ཤོག་ཁག་ཅིག་གིས་ཧོང་ཀོང་ནས་ལོ་ལྟར་ཤོག་བྱ་གནམ་ལ་གཏོང་སྟེ་དུས་དྲན་དེ་སྲུང་བརྩི་བྱེད་ཀྱི་ཡོད་འདུག་པ་མ་ཟད། ལོ་ལྟར་དྲུག་བཞིའི་དོན་རྐྱེན་གྱི་དུས་དྲན་སྲུང་བརྩིའི་གོ་སྒྲིག་ཀྱང་བྱེད་བཞིན་ཡོད་འདུག

ཧོང་ཀོང་གི་གྲོས་ཚོགས་འཐུས་མི་ཟུར་པ་སྐུ་ཞབས་ལཱིས་ཅེཀ་ཡཱན་གྱིས་“དབང་འཛིན་པའི་ཧམ་སེམས་ཀྱིས་ཧོང་ཀོང་གི་མི་མང་ཉེན་ཚབས་ཅན་དུ་བསྒྱུར་ཡོད་པ་ནི། འདེམས་ཐོན་བྱུང་བའི་གྲོས་ཚོགས་འཐུས་མི་རྣམས་ཕྱིར་ཕུད་བྱས་པ་དང་། མང་གཙོའི་ཕྱོགས་གཏོགས་པ་རྣམས་ལ་ཆབ་སྲིད་ཀྱི་ཐོག་ནས་ཁྲིམས་གཏུགས་བྱེད་བཞིན་པ་བཅས་ཀྱིས་དཔེ་མཚོན་བྱེད་ནུས་ཀྱི་རེད་”ཅེས་དང་། “དབང་འཛིན་པའི་སྡིགས་སྐུལ་འོག་ནས་ཧོང་ཀོང་མི་མང་གིས་སོ་སོའི་རང་དབང་སྲུང་སྐྱོབ་བྱེད་ཐབས་འཐེན་བཞིན་ཡོད་རེད།”ཅེས་བརྗོད་འདུག་པ་མ་ཟད། ཁོང་ཚོ་དང་རྒྱ་ནག་སྐམ་ས་ཆེན་མོ་གཉིས་ཀ་དྲག་གཅོན་ཅན་གྱི་སྲིད་གཞུང་དང་། ཆབ་སྲིད་ཚོགས་པ་གཅིག་གི་དབང་སྒྱུར་ཅན་གྱི་སྲིད་གཞུང་གི་འོག་ཡོད་སྟབས། ཁོང་ཚོ་གཅིག་པུས་འཐབ་རྩོད་བྱེད་ཐུབ་ཀྱི་མེད་སྐོར་སོགས་བརྗོད་ཡོད་འདུག

འཆར་ལ་ཉེ་བའི་དྲུག་བཞིའི་དོན་རྐྱེན་རྗེས་དྲན་དངོས་ཀྱི་སྐབས་སུ། རྒྱ་ནག་གི་རྩོམ་པ་པོ་འདས་པོ་ནོ་སྦེལ་ཞི་བདེའི་གཟེངས་ཐོབ་མཁན་ལིའུ་ཞའོ་པའོ་ཡི་བཟའ་ཟླ་ལིའུ་ཞའོ་ཡི་གནད་དོན་ཐོག་ནན་སྐུལ་གྱིས་ལས་འགུལ་སྤེལ་རྒྱུ་ཡིན་སྐོར་ཡང་འདུག

དྲུག་བཞིའི་དོན་རྐྱེན་ཞེས་པ་ནི། ཕྱི་ལོ་༡༩༨༩ ལོའི་ཕྱི་ཟླ་༦ པའི་ཚེས་༤ ཉིན། རྒྱ་ནག་པེ་ཅིང་གནམ་སྡེ་སྒོ་མོའི་ཐང་ཆེན་དུ། རྒྱ་ནག་ཏུ་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོའི་ཆེད་རང་དབང་སྒེར་ལངས་བྱེད་མཁན་རྣམས་ལ་རྒྱ་གཞུང་གིས་དྲག་གནོན་གྱིས་སྡེབ་གསོད་བྱས་པ་དང་། བཙོན་འཇུག་བྱས་པའི་དོན་རྐྱེན་ལ་བརྗོད་ཀྱི་ཡོད་པ་རེད།།

གསར་འགོད་པ་བཀྲ་ཤིས་དོན་གྲུབ།

Share this:
༩༩༩ ཀློག་གྲངས།