འབྲི་རུ་ཤག་ཆུའི་སྤུན་ཟླ་ཛ་དྲག་དཀའ་སྡུག་ལས་དགྲོལ་རོགས།

ཤག་གི་སེབ་བཀྲ་རྫ་རྒན་གཏེར་ཁ་བསྔོགས་འདོན་དང་དྲག་སྣོན་མཚམས་འཇོག་བྱེད་དགོས།

རང་ཉིད་ཀྱི་ཐོག་ཏུ་བབ་པའི་དཀའ་སྡུག་འདི་དག་སུ་ཞིག་གིས་འབྲེལ་བརྗོད་དང་། ཚོད་དཔག་ཐུབ་ཐབས་མེད་པ་ཞིག་ཡིན་པར་ར་སྤྲོད་བྱུང་། རྒྱ་འདྲེ་ནག་པོའི་དཔོན་ངན་ཚོས་འབྲོང་ངུར་ཆོས་རྗེའི་སྒྲུབ་གནས་དང་། འགོམ་དཔོན་ཚང་གི་རྒྱབ་རི་ཡིན་པ་གནས་ཆེན་སེབ་བཀྲ་རྫ་རྒན་ལས་གཏེར་ཁ་བསྔོགས་འདོན་བྱས་པ་མ་ཟད།

ཉེས་མེད་ནང་མི་དང་སྤུན་ཟླ་འཇུ་བཟུང་བྱས་པ་དངོས་སུ་མཐོང་བས་སྙིང་ལ་སྤུ་གྲི་སྟོང་གིས་བཤགས་པའི་ཚོར་བ་དང་མྱ་ངན་ལྕི། འོན་ཀྱང་དེ་དག་ཡོད་ཚད་ལས་དབང་ཞིག་ལ་གཡོག་ན་འགྲིག་གམ། ངའི་སྤུན་ཟླ་ཚོ་ཉེས་པ་ཏིལ་འབྲུ་ཙམ་མེད་ཀྱང་རྒྱ་ནག་དམར་ཤོག་གིས་སྡུག་རྩུབ་འོག་ཏུ་རྩེད་ཆས་འགྱུར་དགོས་དོན་གང་ཡིན་ནམ། ད་ལྟ་ཤག་ཆུ་ཁ་འདི་འཛམ་གླིང་ཐོག་གི་བཙོན་ཁང་ཆེ་ཤོས་དེ་འགྱུར་འདུག

དེང་སྐབས་དྲ་བའི་དུས་རབས་ཡིན་པས་མི་རིགས་གཞན་དག་སོགས་ཀྱིས་འཛམ་གླིང་གོ་ལའི་ཤར་ནུབ་གང་དུ་གནས་ཀྱང་རྟག་ཏུ་སོ་སོའི་ནང་མི་དང་སྤུན་ཟླ་མཉམ་དུ་འབྲལ་བ་མེད་པ་ལྟ་བུར་གནས་ཞིང་། ཕཪ་ཚུར་པར་བསྐུར་བ་དང་། གླུ་གཏོང་བ། དུས་ཚོད་དང་སྐར་མ་རེ་རེའི་ནང་དུ་སྤྱི་སྒེར་གནས་ཚུལ་ཆེ་མ་ཆུང་གསུམ་གང་ཡིན་ཐམས་ཅད་གླེང་བཞིན་དགའ་སྤྲོའི་ངང་གནས་བཞིན་པ་མཐོང་དུས་ཡིད་སྨོན་གྲངས་མེད་ཤོར་ཞིང་ང་ཚོ་འདི་ལྟ་བུའི་དུས་ཞིག་ག་དུས་ཤར་ཡོང་ངམ།

ངའི་ཕ་ཡུལ་མཚོན་ན་ཕྱི་ལོ་༢༠༡༥ ཙམ་ནས་མཐའ་ན་བོད་ཀྱི་ཕྱི་ལོགས་སུ་ཁ་པར་འབྲེལ་བྱ་རྒྱུ་ཕར་ཞོག་ལྗོངས་ནང་ཁུལ་དུའང་སྐད་ཆ་བཤད་པར་བརྟེན་མི་མང་པོ་ཞིག་འཇུ་བཟུངས་བྱས་སོང་། རྒྱ་གར་དུ་ཡོད་པའི་བུ་ཕྲུག་ལ་ཕ་མས་སྐད་ཆ་བཤད་ན་ཁྲིམས་འགལ་ཡིན་ཟེར་ནས་རྟག་པར་འཇིགས་སྐུལ་བྱས་ནས་ནང་མི་དང་ཉེ་འབྲེལ་ཐམས་ཅད་འབྲེལ་བ་ཡོངས་རྫོགས་བཅད། འདིར་ཡོད་སྤུན་ཟླ་ཚང་མ་རྡུང་སྡིག་དང་མནར་གཅོད་བཟོད་དཀའ་བའི་སྲིད་ཞུས་རིམ་པ་སྤེལ་ཞིང་། དེང་སྐབས་རང་དབང་ཡོངས་རྫོགས་འཕྲོགས་ཤིང་། གལ་ཏེ་དམྱལ་བའི་མཚོན་དཔེ་ཞིག་དགོས་ཚེ་ཐེ་ཚོམ་མེད་པར་ཁམས་འབྲི་རུ་ཪྫོང་རེད་ཅེས་བརྗོད་ཐུབ་ཀྱི་འདུག

ལྷག་པར་ཆོས་ལུགས་བྱེད་སྒོ་བཀག་འགོག། གནས་རི་ལ་གཏོར་བཤིགས། ཉེ་ཆར་འཇུ་བཟུང་བྱས་པའི་མི་སྣ་ཁོང་ཚོ་ལྟ་བུ་ཡིན་ན་ཤེེས་ཡོན་ཅན་དང་སྤྱི་སེམས་ཡོད་པ་ཡ་རབས་བོད་མི་རྐྱང་རྐྱང་ཡིན་པ་ལས་མི་དེ་ཚོས་ཁྲིམས་འགལ་བྱས་ནས་ཉིན་གཅིག་བཙོན་ཁང་དུ་འགྲོ་མྱོང་མེད། ཀྲུང་དབྱངས་ཀྱི་དབུ་ཁྲིད་རྣམ་པ་ངོ་མའི་ཤ་ཚ་ཡོད་ན་ང་ཚོའི་ལུང་པའི་གནས་སྟངས་འདི་ཚོ་གཟིགས་དང་། མཚན་འཁྱོལ་ཡང་ཉིན་མི་འཁྱོལ་བའི་དཀའ་སྡུག་ཁྲོད་དུ་ལྷག་པའི་སྤུན་ཟླ་ཚོའི་ལས་དབང་འཛམ་གླིང་མི་མང་གིས་གཟིགས་རོགས།

འབྲི་རུའི་གསར་འགྱུར་ཁང་གིས་ནམ་ཡང་སྒྲོགས་བཞིན་པའི་བདེ་སྐྱིད་ཡོད་ལུགས་ཟེར་བ་ཚང་མ་སྐྱག་རྫུན་རེད་གདའ། རྒྱལ་ཁབ་ཀྱི་སྲིད་གཞུང་ལ་དྲང་བདེན་ཡོད་ན་མགྱོགས་པོ་མ་གཟིགས་ན་ནག་ཆུ་དང་འབྲི་རུའི་དཔོན་ངན་རྒྱ་དགའ་ཚོས་ཉེས་མེད་མི་མང་ཚང་མ་གསོད་འགྲོ་གི་འདུག ཡིད་མ་ཆེས་ན་ཤག་ཆུ་ཁ་ལ་ཡོང་རོགས།

རྒྱལ་བ་རིན་པོ་ཆེ་སྐུ་ཚེ་བསྐལ་བརྒྱལ་བསྟན་ཞིང་།  བོད་རང་བཙན་མྱུར་དུ་འཆར་བར་ཤོག།

2018/5/14/ ལ་ནགས་ལྷའི་བུ་རྒྱུད་ཀྱིས།

 

Share this:
༣༤༢ ཀློག་གྲངས།