ཧྥ་རན་སིའི་བོད་རིགས་ཚོགས་པའི་རྒྱུན་ལས་ལོ་གསུམ་གྱི་ལས་བསྡོམས་ཚོགས་ཆེན་སྐབས་ཀྱི་ཚོགས་གཙོའི་གཏམ་བཤད།

ལྷར་བཅས་སྲིད་ཞིའི་གཙུག་རྒྱན། འཛམ་གླིང་ཞི་བདེའི་དེད་དཔོན། ཁམས་གསུམ་ཆོས་ཀྱི་རྒྱལ་པོ། བོད་མིའི་བླ་ན་མེད་པའི་དབུ་ཁྲིད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་གུས་ཕྱག་སྔོན་དུ་བཏང་བའི་ཐོག་ནས། དེ་རིང་སྤྱི་ལོ་ ༢༠༡༨ ཟླ་ ༥ ཚེས་ ༢༠ ཉིན་ཧྥ་རན་སིའི་བོད་རིགས་ཚོགས་པའི་ལོ་འཁོར་ལས་བསྡོམས་དང་། ལོ་གསུམ་གྱི་ཚོགས་ཆེན། རྒྱུན་ལས་འཕོ་འགྱུར་གྱི་མཛད་སྒོའི་ཐོག་ཆེད་ཕེབས་གནང་བའི་སྐུ་མགྲོན་གཙོ་བོ་བོད་མི་མང་ཡོ་རོབ་སྤྱི་འཐུས་ཟམ་མདོ་བྱམས་པ་ཚེ་རིང་མཆོག་དང་དོན་གཅོད་དྲུང་ཆེ་རྣམ་རྒྱལ་བསམ་འགྲུབ་མཆོག་རྣམ་པ་གཉིས་ཀྱིས་གཙོས་ལས་རོགས་ཚོགས་གཞོན་དབུས་པའི་རྒྱུན་ལས་རྣམ་པ། བོད་རིགས་ཚོགས་པའི་འོས་བསྡུ་ཚོགས་ཆུང་གི་འགན་འཛིན་དང་འཐུས་མི་རྣམ་པ། གསར་འདེམས་བྱུང་བའི་ཚོགས་གཙོ་དང་རྒྱུན་ལས་རྣམ་པ། རྒྱུར་ཟུར་རྣམ་པ། ཚོགས་སྐྱིད་ཁག་གི་ཚོགས་གཙོ་རྣམ་པ། མི་མང་ཕེབས་མཁན་བཅས་ཡོངས་ལ་བོད་རིགས་ཚོགས་པའི་ངོས་ནས་དགའ་བསུ་དང་སྐུ་ཁམས་བཟང་བའི་འཚམས་འདྲི་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ་བ་དང་ཆབས་ཅིག སྤྱི་ལོ་༢༠༡༥ ཟླ་ ༤ པ་ནས་སྤྱི་ལོ་ ༢༠༡༨ ཟླ་ ༥ པའི་ཚེས་ ༢༠ བར་ལོ་གསུམ་གྱི་ལས་དོན་ཆེ་ཁག་ཕྱོགས་བསྡུས་སྙན་སྒྲོན་ཞུ་རྒྱུར།

བོད་མི་ཡོངས་ཀྱི་མགོན་སྐྱབས་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་སྤྱི་ལོ་ ༢༠༡༦ ཟླ་ ༩ པའི་ཚེས་ ༡༣ ཉིན་ཧྥ་རན་སིར་ཕེབས་འཁོད་དང་བསྟུན། བོད་མི་བཞི་སྟོང་མ་ཟིན་ཙམ་ལ་བཀའ་སློབ་བཀའ་དྲིན་ཆེ་བ་དང། མཇལ་ཁ་ཕེབས་བསུ་བཅས་གོ་སྒྲིག་ཕུན་སུམ་ཚོགས་པ་བྱེད་པའི་སྐལ་བཟང་གི་གོ་སྐབས་བྱུང་། དེ་བཞིན་སྒྲུབ་བརྒྱུད་བསྟན་པའི་མངའ་བདག་དཔལ་༸རྒྱལ་དབང་ཀརྨ་པ་ཨོ་རྒྱན་འགྲོ་འདུལ་ཕྲིན་ལས་དབང་གི་རྡོ་རྗེ་མཆོག་ཕེབས་བསུ་དང་། ཧྥ་རན་སིར་གནས་སྡོད་བོད་མི་ཉིས་སྟོང་མ་ཟིན་ཙམ་ལ་བཀའ་སློབ་དང་། མཇལ་ཁའི་གོ་སྒྲིག་ཞུ་སྐལ་བྱུང་ཡོད། སྤྱི་ལོ་ ༢༠༡༨ ཟླ་ ༡ ཚེས་ ༢༧ ཉིན་མི་རྗེ་སྲིད་སྐྱོང་མཁས་དབང་འབུམ་རམས་པ་བློ་བཟང་སེངྒེ་མཆོག་ཕེབས་བསུ་དང་། ཧྥ་རན་སིར་གནས་སྡོད་བོད་རིགས་མི་མང་ལ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་དགོངས་དོན་བླང་དོར་བཀའ་སློབ་གོ་སྒྲིག་འཐུས་ཚང་ཞུས་ཡོད། མ་ཟད་ཕྱི་དྲོ་ཚོགས་པའི་ངོས་ནས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་དབུས་དོན་གཅོད་དང་རྒྱུན་ལས། དགེ་རྒན། ཟློས་གར་བ། གཞོན་ནུ། རང་དབང་སློབ་ཕྲུག ཆུ་སྒང་། བདེ་འཇགས་སྲུང་སྐྱོབ་པ་བཅས་ལ་གསོལ་ཚིགས་འདེགས་འབུལ་སོགས་ཞུས་ཡོད།

དེ་བཞིན་རྒྱུན་དུ་བོད་མི་གསར་དུ་འབྱོར་རིགས་ལ་བྱེད་སྒོ་ལམ་སྟོན་གང་ཐུབ་དང་རྒྱབ་གཉེར་སོགས་གང་ནུས་ཞུ་བཞིན་པ་དང། འདས་གྲོངས་སུ་ཕྱིན་པ་གོ་ཐོས་བྱུང་རིགས་ཀྱི་ཤུལ་ལུས་ནང་མི་རྣམས་ལ་སེམས་གསོ་དང་། མཆོད་མེ་ཞལ་འདེབས་ཡོ་སྒོར་ ༥༠ འབུལ་བཅར་ཞུ་མུས་ཡིན། བོད་རིགས་ཚོགས་པའི་སློབ་གྲྭ་མགོ་བཙུགས་ནས་བཟུང་ད་བར་སློབ་མ་གྲངས་བརྒྱ་ལྷག་བྱུང་ཡོད་པ་དང། ད་ཡོད་སློབ་མ་གྲངས་དྲུག་ཅུ་ནས་བདུན་ཅུ་བར་ཡོད་པ་དེ་དག་ཤེས་ཡོན་འགན་འཛིན་གྱིས་འགན་འཁུར་ཐོག་སློབ་ཁྲིད་སོགས་གང་ཅིར་འཐུས་ཤོར་མེད་པར་ཡར་རྒྱས་དང་གྲུབ་འབྲས་མི་དམན་པ་འབྱུང་བཞིན་ཡོད། སློབ་གྲྭའི་དགེ་རྒན་གྲངས་ ༦ ནས་གཟའ་ཉི་མ་རྟག་པར་སྐད་ཡིག་སློབ་ཁྲིད་བྱེད་ཀྱི་ཡོད་པར་བརྟེན། ཐུགས་རྗེ་ལེགས་འབུལ་དོད་དགེ་རྒན་རེར་ཡོ་སྒོར་ ༢༠ རེ་འབུལ་མུས་ཡིན། རྒྱུན་ལས་སྔོན་མའི་སྐབས་ཟློས་གར་གྱི་འཁྲབ་ཆས་འདྲ་མིན་མང་པོ་མངག་ཉོ་བྱས་འདུག་པ་དང། རྒྱུན་ལས་འཕོ་འགྱུར་བྱུང་རྗེས་སྔར་ཡོད་ཟློས་གར་འཁྲབ་སྟོན་པ་རྣམས་ལ་མུ་མཐུད་འཁྲབ་སྟོན་བྱེད་རྒྱུའི་རེ་བསྐུལ་ཞུས་ཀྱང་རྙིང་པ་རྣམས་འཛུལ་ཞུགས་མ་གནང་བར་བརྟེན། ཟླ་བ་བཞི་ལྷག་ཟློས་གར་མེད་པར་གྱུར་ཡོད། དེ་རྗེས་ཟློས་གར་འགན་འཛིན་དང་ལས་རོགས་རྒྱུན་ལས་རྣམས་ནས་འགན་ཁུར་དང་ཐབས་ལམ་སྣ་ཚོགས་ཀྱིས་རྒན་ལགས་སུ་རེ་སྐུལ་ཞུས་ཏེ། ཟློས་གར་གསར་འཛུགས་ཀྱིས་འཁྲབ་སྟོན་པ་གྲངས་ ༢༥ ཡོངས་རྫོགས་དྭང་བླངས་ཀྱིས་ཐོག་ནས་བོད་ཀྱི་རིག་གཞུང་དུས་ཆེན་ཁག་ལ་འཁྲབ་སྟོན་བཅས་འཐུས་ཤོར་མེད་པ་དང་། ཚོགས་སྡེ་ཁག་གཞན་ལ་ཡང་རིག་གཞུང་འཁྲབ་སྟོན་སྐོར་བསྐྱོད་གནང་བཞིན་ཡོད། མ་ཟད་གཟའ་ཉི་མ་རྟག་པར་འཁྲབ་སྟོན་སྦྱོང་བརྡར་ཕུལ་དུ་ཕྱིན་པ་བྱེད་ཀྱི་ཡོད་པར་བརྟེན་དགེ་རྒན་གཅིག་ལ་ཐུགས་རྗེ་ལེགས་འབུལ་དོད་ཡོ་སྒོར་ ༢༠ འབུལ་མུས་བཅས་ཡིན།

སྤྱི་ལོ་ ༢༠༡༥ ཟླ་ ༤ པའི་ནང་ཧྥ་རན་སིའི་མི་མང་ནས་བོད་རིགས་ཚོགས་པའི་རྒྱུན་ལས་མི་གྲངས་ ༡༥ གསར་དུ་འོས་འདེམས་བྱས་ཡོད་ཀྱང་། ཡིག་ཐོག་ནས་དགོངས་ཞུ་ཕུལ་མཁན་གཉིས་བྱུང་ཡོད་པ་དང་། རིགས་གཅིག་གིས་ཡིག་ཐོག་ནས་དགོངས་ཞུས་མ་གནང་བ་དང་། ལས་དོན་ཐོག་མཉམ་ཞུགས་ཀྱང་མི་གནང་བ་དེ་འདྲ་ཡོང་བཞིན་འདུག  ད་ཆར་རྒྱུན་ལས་གྲངས་ ༡༡ ཡོད་ན་ཡང་ཁ་ཤས་ལས་དོན་ཐོག་མཉམ་ཞུགས་ཁག་ཙམ་ཡོད་པ་དང་། རྒྱུན་ལས་མང་ཆེ་བས་རང་མི་རིགས་ལ་ཤ་ཞེན་དང་ལྷག་བསམ་གྱིས། རང་གི་ལས་དོན་ཆེ་བཞག་ཆུང་བསྐྱུར་ཐོག་ལོ་གསུམ་གྱི་རིང་བོད་རིགས་ཚོགས་པའི་ལས་དོན་ཆེ་ཁག་དང་། གང་ཅིར་འཐུས་ཤོར་མེད་པ་འབད་བརྩོན་ཧུར་ཐག་ཞུས་ཡོད། སྤྱིར་ཆ་ཚང་འདོད་བློ་ཁེངས་པ་ཞིག་ཡོང་ཐབས་མེད་པར་བརྟེན་བློ་ཁ་མ་ཁེངས་པར་བྱུང་རིགས་ལ་དགོངས་སེལ་ཡང་ཞུ་རྒྱུ་ཡིན། ཧྥ་རན་སིའི་གནས་སྡོད་རྒྱ་ཆེ་མི་མང་ཚོས་རེ་བ་གནང་བ་བཞིན་གུས་ནས་དཀའ་བ་དང་ལེན་དང་ངལ་བ་ཁྱད་བསད་ཀྱིས་ལས་དོན་གང་ཅིར་འབད་འབུངས་ཧུར་ཐག་བྱས་ཡོད་བསམ་པ་དང། ཡང་སྒོས་གུས་པར་རྟག་ཏུ་རྒྱབ་སྐྱོར་ཤུགས་ཆེར་གནང་མཁན། རང་གི་བཟའ་ཟླ་དང་། རྒྱུན་ལས་རྣམ་པ། ས་གནས་གཞོན་ནུ། ས་གནས་ཆུ་བཞི་སྒང་དྲུག  ས་གནས་བོད་རང་དབང་སློབ་ཕྲུག མི་མང་རྣམ་པ་བཅས་ཀྱིས་ཁ་ཞེ་གཉིས་མེད་ཀྱི་རྒྱབ་སྐྱོར་དེ་ལྟ་བུ་གནང་བར་བརྟེན། ལོ་གསུམ་གྱི་ལས་ཡུན་རིང་ལས་དོན་གང་འགྲུབ་པ་དེ་དག་ཁོངས་རྣམས་ཀྱི་བཀའ་དྲིན་ཡིན་པ་ཧ་གོ་བའི་ཐོག་ནས་གོ་སྐབས་འདི་བརྒྱུད་སྙིང་དབུས་ནས་བཀའ་དྲིན་ཆེ་ཞུ་རྒྱུ་དང་། ལྷག་དོན་དུ་རང་གཞུང་སྐུ་ངོ་དོན་གཅོད་དྲུང་ཆེ་མཆོག་ནས་བོད་རིགས་ཚོགས་པར་སློབ་ཁང་མཐུན་འགྱུར་དང་། ལས་དོན་གང་ཅིའི་ཐད་རྒྱབ་སྐྱོར་ཚད་མེད་གནང་བ་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན།

སྤྱི་ལོ་ ༢༠༡༥ ཟླ་ ༤ པ་ནས་སྤྱི་ལོ་ ༢༠༡༨ ཟླ་ ༥ ཚེས་ ༢༠ བར་ངེད་རྒྱུན་ལས་རྣམས་ཀྱིས་དུས་ཡུན་ལོ་གསུམ་གྱི་རིང་ལ་ཚོགས་འདུ་ཐེངས་ ༣༢ ཚོགས་པ་དང་། གནད་དོན་གལ་ཆེན་མང་པོའི་ཐོག་གྲོས་ཆོད་ ༡༦༣ ཙམ་བཞག་ཡོད་པ་ལས་ཕལ་ཆེ་བ་ལག་ལེན་བསྟར་ཐུབ་པ་བྱུང་སྟེ་ལོ་གསུམ་གྱི་ནང་དཔལ་འབྱོར་དང་། མི་མང་ལ་རོགས་ཕན་གང་ཐུབ་བྱས་ཡོད། མ་ཟད་བོད་རིགས་ཚོགས་པའི་རྒྱུན་ལས་ཀྱི་ལས་དོན་བྱེད་ཕྱོགས་དང་ཐོབ་ཐང་བཅས་ཀྱི་སྒྲིག་གཞི། དཔལ་ཡོན་སློབ་གྲྭའི་དགེ་རྒན། སློབ་གྲྭ། སློབ་ཕྲུག་གི་ཕ་མ། འོས་བསྡུ། རྩིས་ཞིབ། ཟློས་གར་བཅས་ཀྱི་སྒྲིག་གཞི་དང་། ཚོགས་མིའི་ལག་དེབ་དང་བྱུང་སོང་གི་འཛིན་བྱང་བཅས་གཏན་འབེབས་སོགས་ཕྱོགས་གང་གི་ཐད་གྲུབ་འབྲས་ཀྱང་གང་ལེགས་བྱུང་ཡོད། འོན་ཀྱང་བོད་མི་གསར་དུ་འབྱོར་རིགས་ལ་རོགས་ཕན་ཆེད་ལས་ཁང་དུ་གཏན་འཇགས་རྒྱུན་ལས་གཅིག་འཇོག་རྒྱུའི་རེ་བ་བྱས་ཀྱང་མི་མང་ནས་ཚོགས་དངུལ་དེ་ཙམ་མ་བྱུང་བར་བརྟེན་རེ་འབྲས་དོན་མེད་དུ་གྱུར་པ་དང་། གཞན་གནད་དོན་གལ་ཆེན་ཞིག་ལ་མ་འོངས་པར་བོད་རིགས་ཚོགས་པའི་སྤྱི་ཁང་གི་ཆེད་ས་ཆ་དང་ཚོགས་ཁང་གསར་ཉོའི་ལས་དོན་ཆེད་རྒྱུན་ལས་ནས་གོ་བསྡུར་རིམ་པར་ཞུས་ཏེ། རྒྱུན་ཟུར་གསུམ་དང་ལས་ཐོག་ཚོགས་གཙོ་དང་ཚོགས་གཞོན་བཅས་མི་ ༥ ལས་གྲུབ་པའི་ཚོགས་ཆུང་ཞིག་གསར་འཛུགས་བྱེད་རྒྱུར་གཏན་འཁེལ་བྱུང་ཡང་དོན་འབྲས་མ་བྱུང་བར་བློ་ཕམ་དང་། འབྱུར་འགྱུར་གསར་དུ་ཕེབས་པའི་རྒྱུན་ལས་རྣམས་ཀྱིས་མུ་མཐུད་ནས་གནད་དོན་གལ་ཆེན་དེ་ཡི་ཐོག་འབད་བརྩོན་གནང་རོགས་ཞུ་རྒྱུ་ཡིན།

རྒྱུན་ལས་ལོ་གསུམ་གྱི་རིང་། ཆབ་སྲིད། རིག་གཞུང་། ཤེས་ཡོན། དྲིལ་བསྒྲགས། རྒྱལ་བའི་ཞབས་རིམ། གདུང་སེམས་མཉམ་སྐྱེད། མཆོད་འབུལ་སྨོན་ལམ་སོགས་མདོར་ན་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་བཞིན། བོད་མི་རིགས་སྤྱི་ལ་ཕན་པའི་སྤྱི་ཚོགས་ཞབས་ཞུ་ལས་འགུལ་གལ་ཆེན་ཐེངས་ ༡༢༠ ཙམ་གོ་སྒྲིག་དང་། མཉམ་ཞུགས་བྱས་ཏེ་དོན་ཕན་ལྡན་པ་བྱུང་ཡོད་ཅེས་སྙན་སེང་ཞུ་རྒྱུ་ཡིན། དེ་བཞིན་ཟླ་བ་དྲུག་རེའི་ནང་རྩིས་རྒྱག་ཐེངས་རེ་དང་། ལོ་རེའི་ནང་རྩིས་ཁྲ་དང་ལོ་འཁོར་ལས་བསྡོམས་མི་མང་ལ་སྙན་སྒྲོན་ཞུ་བཞིན་ཡོད།

ལོ་གསུམ་གྱི་ལས་བསྡོམས་དེབ་གཟུགས་ཐོག་བོད་རིགས་ཚོགས་པའི་བཅའ་དངོས་དང་མ་དངུལ་གང་ཡོད་མི་མང་གིས་མཁྱེན་རྟོགས་སླད་ཐོ་གཞུང་ཟུར་དུ་བཀོད་ཡོད་པས། མི་མང་རྣམས་ནས་དེ་དག་ལ་དོགས་འདྲི་དང་། ནོར་འཁྲུལ་ཡོ་བསྲང་དགོས་རིགས་སོགས་ལ་འཛེམ་ཟོན་མེད་པར་ལམ་སྟོན་དོགས་འདྲི་གང་ཡོད་གནང་རོགས་ཞུ་རྒྱུ་ཡིན།

མཇུག་མཐའི་འབོད་སྐུལ། སླར་ཡང་ང་ཚོ་བོད་རིགས་ཚོགས་པའི་རྒྱུན་ལས་ལོ་གསུམ་གྱི་རིང་ལ་རྒྱབ་སྐྱོར་གནང་མཁན་རྒྱུན་ཟུར་དང་མི་སྣ་ཚོགས་སྐྱིད་ཁག་བཅས་མི་མང་ཡོངས་ལ་སྙིང་ནས་བཀའ་དྲིན་ཆེ་ཞུ་རྒྱུ་དང་། དེ་བཞིན་བོད་རིགས་ཚོགས་པ་དེ་ཉིད་བོད་མི་ཡོངས་ཀྱི་ནུས་པ་གཅིག་ཏུ་སྤུངས་སའི་ཚོགས་པ་གལ་ཆེན་ཞིག་ཡིན་པར་སོང་མ་འོངས་པར་མི་མང་ནས་རྒྱབ་སྐྱོར་དང་། ལྷག་པར་དུ་སྣེ་ཁྲིད་པ་རྣམས་དང་། གནད་ཡོད་མི་སྣ་རྣམས་ནུས་པ་གཅིག་སྒྲིལ་ཡོང་བར་འབད་འབུངས་གནང་རོགས་ཞེས་རེ་སྐུལ་ཞུ་རྒྱུ་ཡིན། ང་ཚོ་རང་དབང་དང་དཔལ་འབྱོར་ཇི་ཙམ་ཆེ་ཡང་ཕ་ས་ཤོར་བའི་སྐྱབས་བཅོལ་བ་གཅིག་གྱུར་དང་། གཞིས་བཞུགས་སྤུན་ཟླ་རྣམས་ལ་དྲག་གནོན་ཇི་ཙམ་ཆེ་ཡང་བོད་མི་རིགས་ཀྱི་ལ་རྒྱ་དང་། བོད་རྒྱལ་ཁབ། བོད་ཀྱི་སྐད་དང་ཡི་གེ། མི་རིགས་གཅིག་གྱུར་གྱི་འདུ་ཤེས། རིག་གཞུང་བརྒྱུད་འཛིན་བཅས་ཀྱི་ཐོག་སེམས་ཤུགས་སྔར་ལྷག་འགྱུར་མེད་གནས་བཞིན་པར་སེམས་གཏིང་ནས་མ་བརྗེད་པ་གནང་རོགས་ཞུ། འདས་ཟིན་པའི་ལོ་རྒྱུས་ནང་བོད་མི་འབུམ་ཕྲག་མང་པོས་བོད་རྒྱལ་ཁབ་ཀྱི་ཆེད་དུ་རང་སྲོག་བློས་བཏང་བྱས་ཡོད་པ་ཚང་མས་མཁྱེན་གསལ་དང་། དེ་བཞིན་འདས་པའི་ལོ་ཤས་ནང་རྒྱལ་གཅེས་དཔའ་བོ་དཔའ་མོ་བརྒྱ་ཕྲག་ལྷག་གིས་བོད་མི་རིགས་དང་། རྒྱལ་ཁབ་ཀྱི་བདེ་སྡུག་ཆེད་རང་གི་གཅེས་པའི་ཚེ་སྲོག་ཀྱང་མཆོད་མེར་ཕུལ་བ་དེ་དག་བྱས་པ་བརྗེད་མེད་དུ་མ་སོང་བར། བོད་དོན་དྲིལ་བསྒྲགས་དང་བོད་རིགས་ཚོགས་པའི་ལས་དོན་ཁག་ལ་མ་འོངས་པ་མཉམ་ཞུགས་འབད་འབུངས་གནང་རོགས་ཞེས་བསྐྱར་ནན་ཞུ་རྒྱུ་ཡིན། ང་ཚོ་བོད་མི་ཞིག་ཡིན་པས་ངོས་ནས་༸གོང་ས་སྐྱབས་མགོན་ཆེན་པོའི་བཀའ་དགོངས་དང་དབུས་བོད་མིའི་སྒྲིག་འཛུགས་ལ་ཡིད་ཆེས་བློ་གཏད་ཀྱི་ཐོག་ནས་བོད་མིའི་རང་དབང་ལག་དེབ་དཔྱ་དངུལ་ཆད་ལུས་མེད་པ་རང་གཞུང་ལ་འབུལ་ཐུབ་པ་དགོས་རྒྱུ་དང་། དེ་བཞིན་བོད་རིགས་ཚོགས་པའི་ལག་དེབ་ཀྱི་ཚོགས་དངུལ་ལོ་རེར་ཡོ་སྒོར་ ༡༥ རེ་འབུལ་གནང་ཡོང་བ་དང་དཔལ་ཡོན་སློབ་གྲྭའི་ནང་བུ་ཕྲུག་གང་མང་མཉམ་ཞུགས་གནང་རོགས་ཞེས་འབོད་བསྐུལ་ཞུ་བཞིན་ཡོད།

དམིགས་བསལ་ཞུ་རྒྱུར་ལོ་གསུམ་གྱི་རིང་རང་གཞུང་ནས་འབོད་བསྐུལ་གནང་བ་བཞིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་སུད་ཚོང་བ་རྣམས་ཀྱི་ཁྲོམ་སར་མེ་སྐྱོན་དང་ལྷོ་ཕྱོགས་གཞིས་ཁག་ཏུ་སྟོན་ཉེས་ཚབས་ཆེན་ཕོག་རིགས་ལ་ཧྥ་རན་སི་བོད་མི་རྣམས་ནས་སྟོང་མིན་ཙམ་གདུང་སེམས་མཉམ་སྐྱེད་ཞུ་ཆེད་ཧིན་སྒོར་ ༡༠༠༠༠༠ རོགས་དངུལ་ཕུལ་ཐུབ་པ་བྱུང་ཡོད་པ་ལས། ད་བར་རྒྱུན་ལས་མཉམ་འཛོམས་ཀྱི་ངོ་བོའི་ཐོག་ནས་ཞལ་ལག་ཐེངས་གཅིག་ལའང་སྤྱི་དངུལ་བཏང་རིགས་བྱུང་མེད་པ་མ་ཟད། གང་ཡོང་ཅི་ཡོང་གིས་གསོག་སྒྲུབ་བྱས་པ་དེ་དག་ཧྥ་རན་སིའི་མི་མང་འཛོམས་སའི་སྤྱི་ཁང་དང་ས་ཁང་གསར་ཉོའི་མ་དངུལ་ཡོང་རེའི་ཐོག་བསྲི་ཚགས་བྱས་པ་ཞིག་ཡིན། ཚོགས་པ་ཁག་དང་སྒེར་པ་བཅས་ནས་བོད་རིགས་ཚོགས་པར་རོགས་དངུལ་གྱི་འབོད་སྐུལ་ཞུ་མཁན་བྱུང་ཡང་རོགས་དངུལ་ཕུལ་ཐུབ་པ་གཅིག་ཀྱང་བྱུང་མ་སོང་བས་དགོངས་འགལ་མེད་པ་ཞུ་རྒྱུ། མ་ཟད་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཆིབས་བསྒྱུར་སྐབས་དང་། དཔལ་ལྡན་སྲིད་སྐྱོང་མཆོག་ཕེབས་སྐབས་བོད་མི་འཛོམས་ཡུལ་གྱི་གཏན་འཇགས་སྤྱི་ཁང་མེད་པ་དེ་དཀའ་ངལ་ཆེ་ཤོས་ཡིན་ལུགས་ཀྱི་ཐད་སྐྱབས་འཇུག་དང་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་འབོད་སྐུལ་ཡང་ཞུ་དགོས་བྱུང་ཡོད།

བོད་རིགས་ཚོགས་པའི་ངོས་ནས་དུས་ཡུན་ལོ་གསུམ་གྱི་རིང་ཧྥ་རན་སིའི་རོགས་ཚོགས་སུ་ལ་ཡང་རོགས་དངུལ་ཞུས་མེད་ལ་གང་ཟག་རེ་འགས་བོད་རིགས་ཚོགས་པའི་མ་དངུལ་དང་བཅའ་དངོས་རིགས་རྒྱུན་ལས་ཁ་ཤས་ཀྱིས་སྒེར་བདག་བྱེད་ཀྱི་ཡོད་པའི་རི་བོང་གནམ་རྡིབ་ཀྱི་སེམས་ཁྲལ་ཞིག་བྱེད་ཀྱི་ཡོད་ཚོད་འདུག་པར། ཚོགས་པའི་མ་དངུལ་དེ་དག་ས་ཆ་དང་སྤྱི་ཁང་ཉོ་ཆེད་ཀྱི་མ་རྩ་ཡིན་པས། མ་དངུལ་དང་བཅའ་དངོས་གང་ཡོད་ཧྥ་རན་སིར་གནས་སྡོད་མི་མང་གི་ཡིན་པ་ལས། རྒྱུན་ལས་དང་གང་ཟག་རེ་འགས་བདག་བཟུང་བྱེད་དབང་གཏན་ནས་མེད་པ་དང་། འབྱུང་འགྱུར་ཡང་དེ་རིགས་ཀྱི་གནས་ཚུལ་ཡོང་ཐབས་མེད་པས་མཁྱེན་པ་གནང་རོགས་ཞེས་གསལ་པོ་ཞུ་རྒྱུ་ཡིན། མཐའ་དོན་དུ་བོད་མི་ཡོངས་ཀྱི་མགོན་སྐྱབས་༸གོང་ས་སྐྱབས་མགོན་རྒྱལ་བའི་དབང་པོ་མཆོག་གི་སྐུ་ཚེ་བསྐལ་བརྒྱར་བརྟན་ཅིང་ཐུགས་ཀྱི་བཞེད་དགོངས་མཐའ་དག་གེགས་མེད་ཡིད་བཞིན་དུ་འགྲུབ་པ་དང་། རང་ཅག་ཧྥ་རན་སིར་གནས་བཞུགས་བོད་མི་ཡོངས་རྫོགས་རྡོག་རྩ་གཅིག་སྒྲིལ་གྱིས་བོད་མིའི་མངོན་འདོད་བོད་དོན་བདེན་མཐའ་མྱུར་དུ་གསལ་བ་དང་། གཞིས་བྱེས་མཉམ་འཛོམས་ཀྱི་ཉི་མ་མྱུར་དུ་འཆར་བའི་སྨོན་འདུན་གྲངས་མེད་ཞུ་རྒྱུ་བཅས། ཧྥ་རན་སིའི་བོད་རིགས་ཚོགས་པའི་རྒྱུན་ལས་སྐབས་བདུན་པས་སྤྱི་ལོ་ ༢༠༡༨ ཟླ་ ༥ པའི་ཚེས་ ༢༠ ལ་ཕུལ།།

Share this:
༡༩༢ ཀློག་གྲངས།