བཀྲ་ཤིས་དབང་ཕྱུག་ལ་ལོ་ལྔའི་བཙོན་འཇུག་ཁྲིམས་གཅོད་བྱས་ཡོད་འདུག

བོད་ཀྱི་ཚོང་པ་དང་སྐད་ཡིག་སློབ་གསོའི་ལས་འགུལ་བ་བཀྲ་ཤིས་དབང་ཕྱུག་ལ་རྒྱ་ནག་གཞུང་གིས་རྒྱལ་ཁབ་ཁ་བྲལ་གཏོང་གཞིའི་བྱ་སྤྱོད་སྤེལ་བའི་ཉེས་འཛུགས་འོག་ལོ་༥ ཡི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག

ཟླ་འདིའི་ཕྱི་ཚེས་༢༢ ཉིན་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ཁུལ་གྱི་མི་དམངས་འབྲིང་རིམ་ཁྲིམས་ཁང་ཟེར་བས། བོད་ཀྱི་སྐད་ཡིག་སློབ་གསོའི་ཐོབ་ཐང་རྩོད་ལེན་པ་བཀྲ་ཤིས་དབང་ཕྱུག་ལ་རྒྱལ་ཁབ་ཁ་བྲལ་གཏོང་གཞིའི་ཁྲིམས་འགལ་གྱི་བྱ་སྤྱོད་སྤེལ་བའི་ཉེས་འཛུགས་འོག ལོ་ལྔའི་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་འདུག་ཅིང་། རྒྱལ་སྤྱིའི་ཉེས་ཡངས་ཚོགས་པ་སོགས་ཐོབ་ཐང་ཚོགས་སྡེ་ཁག་ནས་དེ་ནི་དྲང་བདེན་གྱི་ཁྲིམས་གཅོད་ཞིག་མིན་སྐོར་གྱིས་རྒྱ་ནག་གཞུང་ལ་སྐྱོན་བརྗོད་བྱེད་བཞིན་ཡོད་འདུག

གནས་ཚུལ་འདིའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེས་“རྒྱལ་ཁབ་ཁ་བྲལ་གྱི་ཉེས་མིང་འོག་བཀྲ་ཤིས་དབང་ཕྱུག་ལགས་ལ་རྒྱ་ནག་གཞུང་གིས་ལོ་ལྔའི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་སྟབས། ཕྱི་ལོ་༢༠༡༨ ཟླ་༥ ཚེས་༢༢ ཉིན་མོ་འདི་ནི། ཁྲིམས་ལུགས་དབང་འཛིན་ལ་བརྩི་བཀུར་དང་ཡིད་ཆེད་ཞུ་མཁན་རྣམས་ལ་ཧ་ཅང་བློ་ཕམ་གྱི་ཉིན་མོ་ཞིག་ཆགས་ཡོད། སྤྱིར་འདི་ལོའི་ལོ་མགོ་སྟེ་ཕྱི་ལོ་༢༠༡༨ ཟླ་༡ ཟླ་མགོ་ཙམ་ལ་བཀྲ་ཤིས་དབང་ཕྱུག་ལགས་ལ་ཁྲིམས་བཤེར་བྱེད་སྐབས་ཁོང་གིས་ཁྲིམས་འགལ་གྱི་བྱ་སྤྱོད་རྩ་བ་ནས་བྱེད་མེད་པ་མཐའ་སྐྱེལ་གནང་འདུག  དེར་བརྟེན་ཐེངས་འདིར་རྒྱ་ནག་གཞུང་གིས་ཁོང་ལ་མ་ཉེས་ཁ་གཡོགས་བྱས་པ་འདི་ནི་དྲང་བདེན་ལ་བརྩིས་མེད་རྡོག་རོལ་བཏང་བ་ཞིག་ཡིན།  བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་རྒྱ་ནག་གཞུང་གི་རྩ་ཁྲིམས་ནང་གསལ་བ་ལྟར་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཀྱི་ལས་འགུལ་སྤེལ་བཞིན་ཡོད།  ཁོང་གིས་སྐད་ཡིག་སྲུང་སྐྱོབ་ཆེད་ལས་འགུལ་དེ་འདྲ་སྤེལ་དགོས་པ་དེ་བོད་མི་རྣམས་ལ་གཞི་རྩའི་ཐོབ་ཐང་མེད་པ་གསལ་པོར་མཚོན་ཐུབ་པ་མ་ཟད།  རྒྱལ་སྤྱིའི་ཁྲིམས་ལ་བརྩི་བཀུར་ཞུ་ཚུལ་བཤད་ཀྱང་དོན་དངོས་དེ་ལས་ལྡོག་སྟེ་རྒྱལ་སྤྱིའི་ཁྲིམས་ལ་བརྩི་མེད་རྡོག་རོལ་གཏོང་བཞིན་པ་དེར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་སྐྱོན་བརྗོད་དྲག་པོ་བྱེད་ངེས་ཡིན། དེ་རིང་གི་ཉིན་མོ་འདི་ནི་ཁྲིམས་ལུགས་དབང་འཛིན་ལ་བརྩི་བཀུར་དང་ཡིད་ཆེད་ཞུ་མཁན་རྣམས་ལ་ཧ་ཅང་བློ་ཕམ་གྱི་ཉིན་མོ་ཞིག་ཆགས་ཡོད།  འོན་ཀྱང་ང་ཚོས་བཀྲ་ཤིས་དབང་ཕྱུག་ལགས་མགྱོགས་མྱུར་གློད་གྲོལ་ཆེད་འབད་བརྩོན་མུ་མཐུད་བྱ་རྒྱུར་ཆོད་སེམས་བརྟན་པོ་ཡོད།” ཅེས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས་སུ་སྤེལ་འདུག

དེ་ཡང་། ཕྱི་ལོ་༢༠༡༥ ལོར་ཨ་རིའི་ནིའུ་ཡོག་དུས་བབ་ནས། བཀྲ་ཤིས་དབང་ཕྱུག་གིས་རྒྱ་ནག་གི་རྩ་ཁྲིམས་ནང་གྲངས་ཉུང་མི་རིགས་ཀྱི་སྐད་དང་རིག་གཞུང་ལ་སྲུང་སྐྱོབ་དགོས་སྐོར་འཁོད་པ་གཞིར་བཞག་ནས། ཡུལ་ཤུལ་དང་བོད་ཀྱི་སློབ་གྲྭ་ཁག་ནང་བོད་ཡིག་དེ་རྒྱ་ཡིག་བཞིན་བརྩི་མཐོང་དང་སློབ་ཁྲིད་བྱེད་པའི་ཆེད་དུ་ཞུ་གཏུགས་བྱས་ཡོད་པ་དང་། གནས་སྟངས་དེ་ལ་རྒྱབ་སྐྱོར་ཐོབ་ཆེད་དུ་ཁོང་པེ་ཅིང་དུ་ཞུ་གཏུགས་བྱེད་དུ་སོང་ནས་རྒྱ་ནག་གི་བརྒྱུད་ལམ་ཁག་ཏུ་ཡང་དེའི་སྐོར་ལ་འགྲེལ་བཤད་བརྒྱབ་པ་སོགས་ཀྱི་སྐོར་ལ་བརྙན་ཞིག་སྤེལ་ནས་ཟླ་བ་༢ སོང་རྗེས། ཕྱི་ལོ་༢༠༡༦ ལོའི་ཟླ་༡ པོའི་ཚེས་༢༧ ཉིན་རྒྱ་ནག་གཞུང་གིས་འཛིན་བཟུང་བཀག་ཉར་བྱས་ཡོད་པ་དང་། ཕྱི་ལོ་༢༠༡༧ ལོའི་ཕྱི་ཟླ་༡ པོའི་ཚེས་༤ ཉིན་ཡུལ་ཤུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་དུ། ཁོང་ལ་ཁྲིམས་བཤེར་བྱས་ཡོད་ཀྱང་ཁྲིམས་ཐག་བཅད་མེད་པ་རེད།།

གསར་འགོད་པ་བཀྲ་ཤིས་དོན་གྲུབ།

Share this:
༡༠༥ ཀློག་གྲངས།