བཙན་བྱོལ་བོད་མིར་ཧིན་སྒོར་ས་ཡ་༢༡༠ དངུལ་བུན་གཏོང་རྒྱུ་རེད་འདུག

ཟླ་འདིའི་ཕྱི་ཚེས་༢༢ ཉིན་གྱི་ཉིན་གུང་ཆུ་ཚོད་༡༢ ཐོག་དྷ་ས་གངས་སྐྱིད་བོད་མིའི་སྒྲིག་འཛུགས་བཀའ་དྲུང་གི་ཚོགས་ཁང་དུ། སྲིད་སྐྱོང་བློ་བཟང་སེངྒེ་དབུ་བཞུགས་ཐོག བཙན་བྱོལ་བོད་མིའི་འཚོ་རྟེན་རོགས་སྐྱོར་ལས་གཞི་གཉིས་པར་དངུལ་བུན་སྒོར་ས་ཡ་༢༡༠ གཏོང་རྒྱུའི་གསར་འགོད་གསལ་བསྒྲགས་ཤིག་སྤེལ་སོང་།

བུན་གཡར་ལས་གཞིའི་གསར་འགོད་བསྒྲགས་གཏམ་ནང་“སྔར་ལོར་སུད་ཚོང་རོགས་སྐྱོར་ལས་གཞི་ཚགས་ཚུད་གང་ལེགས་དང་། མ་དངུལ་བརྒྱ་ཆ་བརྒྱ་ཕྱིར་སློག་བྱུང་བར་བརྟེན། དཔལ་འབྱོར་སྤྱི་ཚོགས་ཡར་རྒྱས་ཐེབས་རྩ་ནས་འདི་ལོར་དངུལ་འབོར་ལྡབ་གཅིག་ལྷག་རྒྱས་བཅད་ཀྱིས་ལས་གཞི་གསར་པ་ཁག་གསུམ་ས་གནས་འགོ་འཛིན་བརྒྱུད་རིང་མིན་ལག་བསྟར་ཞུ་རྒྱུ་ཡིན། ལས་གཞི་གསར་པ་ཁག་ནི་བཙན་བྱོལ་སྤྱི་ཚོགས་ཀྱི་ས་ཁུག་དང་འཚོ་བའི་རྟེན་གཞི་ཞན་པ་ཚོའི་ཆེད་དུ་ཡིན། དེ་ཡང་ནམ་དུས་གཅིག་ལ་ལམ་ཟུར་དུ་ཙག་ཙིག་ཚོང་ལས་གཉེར་མཁན་དང་། སྲོལ་རྒྱུན་གྱི་རྟ་དྲེལ་དོ་སྐྱེལ་བ། གཞིས་ཆགས་ནང་འགྲུལ་སྐྱེལ་གླ་འཁོར་གཏོང་མཁན་ཚོ་བཅས་ཀྱི་ཆེད་དུ་དམིགས་པ་ཞིག་ཡིན། བཙན་བྱོལ་བོད་མིའི་ཚོང་པའི་ཚོགས་པ་དང་། གོང་གསལ་བོད་མིའི་སྡེ་ཚོགས་ཁག་གི་ཚོགས་ཆུང་སོ་སོས་འདེམས་སྒྲུག་གིས་མི་གྲངས་༡༥༢༥ ཙམ་ལ་ཁེ་ཕན་དམའ་ཚད་དངུལ་འབོར་སྒོར་འབུམ་༡ ནས་མཐོ་ཚད་སྒོར་འབུམ་༦ བར་གཏོང་རྒྱུ་ཡིན། ལས་གཞི་འདིའི་ཕུགས་དམིགས་གཙོ་བོ་ནི་བཙན་བྱོལ་བོད་མིར་དགོས་ངེས་ནོར་སྲིད་ཀྱི་རྨང་གཞི་གསར་འཛུགས་དང་། རང་ཁ་རང་གསོ། སྤྱི་སྒེར་ཡོངས་ལ་དཔལ་འབྱོར་ཞབས་ཞུ་ཚད་ལྡན་སྤྲོད་རྒྱུ་དེ་ཡིན། དེ་ལྟར་ཡོང་བར་ལོ་རེའི་ལས་གཞི་ཁག་ཆད་ལྷག་མེད་པ་ཚགས་ཚུད་དགོས་སྟབས། དཔལ་འབྱོར་ལས་ཁུངས་ཀྱི་སྤྱི་ཚོགས་ཡར་རྒྱས་ཐེབས་རྩར་ཕྱོགས་ཚང་མས་འཕྱར་གྲུ་མཉམ་འདེགས་ཡོང་བའི་འབོད་སྐུལ་ཞུ་”ཨ་རིའི་ཐེབས་རྩ་དང་བོད་ཀྱི་ཐེབས་རྩས་ལས་གཞིར་རོགས་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་བཅས་སོགས་འཁོད་འདུག

གསར་འགོད་གསལ་བསྒྲགས་སྐབས་སྲིད་སྐྱོང་བློ་བཟང་སེང་གེས་“ན་ནིང་ལོར་སུད་ཚོང་བ་རྣམས་ལ་རོགས་དངུལ་ཟེར་ན་རེད། ཕྱག་རོགས་གནང་བ་དེ་ཧ་ཅང་ལམ་ལྷོངས་བྱུང་སོང་ཟེར། དེ་ཚང་མས་མ་གཞི་ནས་མཁྱེན་གྱི་ཡོད་ཀྱི་རེད། ན་ནིང་ཁྱོན་བསྡོམས་པས་ང་ཚོས་ཧིན་སྒོར་འབུམ་༩༠༠ ལྷག་ཁོ་རང་ཚོར་འབུལ་ཐུབ་འདུག དེ་ནས་ཚུར་བརྒྱ་ཆ་བརྒྱ་སློག་ཟིན་པ་མ་ཟད། སྤྱི་ཟླ་༤ པའི་ནང་ཚུད་དུ་སློག་དགོས་ཀྱི་ཡོད་རེད་དེ། སྤྱི་ཟླ་༣ པའི་ནང་ཚང་མས་སློག་ཟིན་ཡོད་རེད། དེར་ཨ་རིའི་ཐེབས་རྩ་ཧང་སང་སང་བྱེད་ཀྱི་འདུག ཁོ་རང་ཚོས་འཛམ་གླིང་ནང་རོགས་དངུལ་དེ་འདྲ་གནང་བའི་ལས་གཞི་མང་པོ་སྤེལ་ཡོད་དེ། བརྒྱ་ཆ་བརྒྱ་ཚུར་སློག་པ་དང་། དེ་ཡང་དུས་བཅད་ཀྱི་སྔོན་དུ་སློག་པ་དེ་འདྲ་བྱུང་ཡོད་མ་རེད་ཟེར་ནས་དེར་ཧང་སང་སང་བྱེད་ཀྱི་འདུག”ཅེས་དང་། དེས་བོད་མི་རིགས་ཀྱི་ཡ་རབས་བཟང་སྤྱོད་དང་བྱམས་སྙིང་རྗེ་སྟོན་གྱི་ཡོད་སྐོར་དང་། ན་ནིང་ལོའི་སུད་ཚོང་མཐུན་རྐྱེན་སྦྱོར་སླད་ཀྱི་ལས་གཞི་ལམ་ལྷོངས་བྱུང་ཚེ་ཕྱིས་སུ་རོགས་དངུལ་ལས་གཞིའི་དངུལ་འབོར་སྤར་རྒྱུ་ཡིན་ཞེས་བརྗོད་པ་བཞིན། ད་ལོའི་སུད་ཚོད་རོགས་སྐྱོར་ལས་གཞིའི་དངུལ་འབོར་འབུམ་ཆིག་སྟོང་སུམ་བརྒྱ་ཡིན་ཞིང་། དེ་ནི་ལོ་སྔོན་མའི་རྩིས་གཞི་དང་བསྡུར་ན་འབུམ་བཞི་རྒྱ་སྤར་བ་ཡིན་སྐོར། ས་གནས་ཁག་ཁ་ཤས་ནང་ཞིབ་འཇུག་བྱེད་དུས་ད་ལྟའི་ཆར་བོད་པ་འགྲུལ་སྐྱེལ་གླ་འཁོར་གཏོང་མཁན་༤༥༠ ཡས་མས་ཡོད་པ་ལས། དེའི་ཁྲོད་མི་བརྒྱ་ལ་འབུམ་དྲུག་རེའི་བུན་གཡར་མཐུན་རྐྱེན་སྦྱོར་རྒྱུ་དང་། དེ་ཡང་བུན་གཡར་གཏོང་ནས་ཟླ་གསུམ་ཟིན་རྗེས་བུ་ལོན་སློག་འགོ་བཙུག་སྟེ་ལོ་གསུམ་ནང་སློག་ཚར་དགོས་པ་དང་། ལ་དགས་དང་འབྲས་ལྗོངས་ཕྱོགས་ཀྱི་བོད་པ་རྟ་དྲེལ་དོ་སྐྱེལ་བ་རྣམས་ལ་འབུམ་རེ་རེའི་བུན་གཡར་གནང་རྒྱུ་དང་། དེ་བཞིན་ཡུལ་སྐོར་སྤྲོ་འཆམ་ཡོང་སའི་ས་གནས་རྣམས་སུ་ནམ་དུས་གཅིག་རང་ལ་ལམ་ཟུར་དུ་ཚོང་ལས་ཙག་ཙིག་གཉེར་མཁན་རྣམས་ལ་བུན་གཡར་བྱེད་རྒྱུ་ཡིན་ཡང་དེ་ཟླ་དྲུག་གི་རྗེས་སུ་སློག་དགོས་ཀྱི་ཡོད་སྐོར་སོགས་གསུངས་སོང་བ་མ་ཟད། བུན་གཡར་གྱི་ལས་གཞི་དེ་ནི་ནམ་དུས་གཅིག་རང་ལ་ཡུལ་སྐོར་སྤྲོ་འཆམ་པ་ཡོང་སྐབས་སུ་ཉིན་མོར་རས་གདན་ཐོག་ཚོང་རྒྱག་ཅིང་མཚན་མོར་ཚོང་རྫས་བསྡུ་རུབ་བྱེད་ཁར། ཚོང་དེ་ཡང་དུས་སྐབས་གཅིག་རང་ལ་རྒྱག་མཁན་ཚོའི་ཆེད་དུ་དམིགས་པ་ཞིག་ཡིན་པ་ལས། གཞན་ལམ་ཟུར་ལ་ཚོང་སྟེགས་ཡོད་མཁན་དང་ཚོང་ཁང་ཡོད་མཁན། ཚོང་གཏན་འཇགས་རྒྱག་མཁན་བཅས་ཀྱི་ཆེད་དུ་མིན་སྐོར་དང་། བལ་ཡུལ་བོད་མི་ནམ་དུས་གཅིག་རང་ལ་ལམ་ཟུར་དུ་ཙག་ཙིག་ཚོང་ལས་གཉེར་མཁན་རྣམས་ལ་ལས་གཞི་ཁ་ཁ་ཡོད་སྐོར་ཡང་གསུངས་སོང་།

དེ་རྗེས་དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་ཀྱིས་ལས་གཞི་ལག་བསྟར་གནང་ཕྱོགས་དང་། དགོས་ངེས་ཆ་རྐྱེན་སོགས་ངེས་པར་དུ་ཚང་དགོས་སྐོར་དང་། དཔལ་འབྱོར་ལས་ཁུངས་ཀྱི་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་གི་འབྲེལ་ཡོད་ལས་བྱེད་ཚོས་ལས་དོན་ཐོག་ཧུར་ཐག་གནང་བར་ཐུགས་རྗེ་ཆེ་ཞུ། སུད་ཚོང་སྐྱིད་སྡུག་ཚོགས་པའི་ཆོགས་གཙོ་དབུས་པའི་ས་གནས་ཚང་མས་ཕྱག་རོགས་གནང་བར་ཐུགས་རྗེ་ཆེ་ཞུས་རྗེས། འཆར་འགོད་འགན་འཛིན་འབུམ་རམས་པ་དཀོན་མཆོག་བརྩོན་འགྲུས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སོང་།།

གསར་འགོད་པ་བཀྲ་ཤིས་དོན་གྲུབ།

Share this:
༧༢ ཀློག་གྲངས།