རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་ཐེངས་ལྔ་པ་དབུ་འཛུགས།

ཟླ་འདིའི་ཕྱི་ཚེས་༢༣ ཉིན་གྱི་སྔ་དྲོར་དྷ་ས་རྒྱ་གར་ས་གནས་བདེ་དོན་གྱི་ཚོགས་ཁང་དུ། ཟླ་འདིའི་ཕྱི་ཚེས་༢༣ ནས་༢༥ བར་ཉིན་གསུམ་རིང་གི་རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་ཐེངས་ལྔ་པ་དབུ་འཛུགས་ཀྱི་མཛད་སྒོ་འཚོག་སོང་ཞིང་། མཛད་སྒོའི་སྐུ་མགྲོན་གཙོ་བོར་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཨཱ་ཇེས་སིན་དང་། དམིགས་བསལ་སྐུ་མགྲོན་དུ་བོད་རང་བཙན་འཐབ་རྩོད་པ་ལྷ་བཟང་ཚེ་རིང་དང་། མཁས་དབང་འཇམ་དབྱངས་ནོར་བུ། གཞན་ཡང་བོད་མི་མང་སྤྱི་འཐུས་ཁག་ཅིག་ཕེབས་འདུག་པ་མ་ཟད། ཚོགས་ཆེན་ཐོག་ཚོགས་ཞུགས་པ་༡༦༠ ཡས་མས་འདུག

མཛད་སྒོའི་ཐོག་མར་༧གོང་ས་མཆོག་གི་སྐུ་པར་གྱི་མདུན་དུ་སྣང་གསལ་ཞལ་ཁ་ཕྱེས་རྗེས། རིམ་བཞིན་བོད་དང་རྒྱ་གར་གྱི་རྒྱལ་གླུ་དང་། བོད་རྒྱལ་ཁབ་དང་མི་རིགས་རིག་གནས་ཀྱི་ཆེད་གཅེས་པའི་ལུས་སྲོག་ལོངས་སྤྱོད་བློས་གཏོང་གནང་མཁན་རྒྱལ་གཅེས་དཔའ་བོ་དཔའ་བོ་རྣམས་ལ་གུས་འདུད་དང་མྱ་ངན་ངག་བཅད་སྐར་མ་གཅིག་རིང་གནང་སོང་ཞིང་། དེ་རྗེས་མཛད་སྒོའི་གཙོ་སྐྱོང་བ་བོད་རང་བཙན་འཐབ་རྩོད་པ་བསྟན་འཛིན་བརྩོན་འགྲུས་ཀྱིས་རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་གྱི་བྱུང་རིམ་སོགས་ངོ་སྤྲོད་གནང་སྐབས། ཕྱི་ཟླ་༥ པའི་ཕྱི་ཚེས་༢༣ ཉིན་རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་འཚོག་དགོས་དོན་ནི། ཕྱི་ལོ་༡༩༥༡ ཟླ་བ་༥ ཚེས་༢༣ ཉིན་པེ་ཅིང་དུ་ཆིངས་ཡིག་དོན་ཚན་༡༧ ཟེར་བ་ཞིག་རྒྱ་དམར་གྱི་སྡིག་རའི་འོག་འཇོག་ནས་དེ་བོད་རྒྱ་ནག་གི་ཆ་ཤས་ཡིན་པའི་བདེན་དཔང་སྟོན་བཞིན་ཡོད་ཀྱང་། དེར་བོད་པས་རྩ་བ་ཉིད་ནས་ཁས་ལེན་མེད་ཅིང་། ངོ་རྒོལ་ཤུགས་དྲག་དང་བསྟུན་ནས་ཉིན་མོ་དེར་རང་བཙན་ཚོགས་ཆེན་འདི་འདྲ་ཞིག་འཚོགས་ནས་བསྐྱར་དུ་སེམས་ཤུགས་འཕར་མ་ཞིག་བསྐྱེད་དེ་རང་བཙན་གྱི་ཐོག་ལས་ཀ་བྱེད་རྒྱུའི་ཉིན་མོ་འགོ་འཛུག་ཐུབ་པའི་ཕྱིར་དུ་ཕྱི་ཟླ་༥ པའི་ཚེས་༢༣ ཉིན་འཚོགས་པ་ཡིན་སྐོར་དང་། ད་ཐེངས་ཀྱི་ཚོགས་ཆེན་ཐོག་ཁྱོན་ཚོགས་བཅར་བ་༡༦༠ ཡས་མས་ཡོད་པའི་ཁྲོད་ནས་མང་ཆེ་བ་མཐོ་རིམ་སློབ་མ་དང་། གཞོན་སྐྱེས་ཡིན་ཁར་སློབ་མ་ཁག་ཅིག་ཕུད་པའི་གཞན་ཚོགས་ཞུགས་པ་ཚང་མས་ལམ་གྲོན་སོགས་རང་ཉིད་ཀྱི་ངོས་ནས་གཏོང་སྟེ་བཅར་བ་ཤ་སྟག་ཡིན་སྐོར། ཚོགས་ཆེན་གྱི་འགྲོ་གྲོན་ནི་གོ་སྒྲིག་པ་སོ་སོས་གང་ཐུབ་ཞལ་འདེབས་ཕུལ་བའི་ཐོག འཛམ་གླིང་གི་ཡུལ་གྲུ་གང་སར་གནས་པའི་རང་བཙན་འཐབ་རྩོད་པ་དང་། དེ་དག་གི་གྲོགས་པོ་གྲོགས་མོ་སོགས་རྒྱབ་སྐྱོར་བ་རྣམས་ཀྱིས་གནང་བ་ལས་བྱུང་བ་ཞིག་ཡིན་སྐོར་སོགས་གསུངས་སོང་བ་མ་ཟད། དབུ་མའི་ལམ་བརྒྱུད་ནས་རང་སྲིད་རང་སྐྱོང་རྩོད་མཁན་རྣམས་དང་“ལངས་ཕྱོགས་ཀྱི་ཐོག་ནས་མ་མཐུན་པ་ཏན་ཏན་ཡོད་ཀྱང་། འགལ་ཟླ་རྩ་བ་ཉིད་ནས་མེད། དེ་ངས་གསལ་པོ་བྱས་ནས་ཞུ་འདོད་བྱུང་། གང་ཡིན་ཟེར་ན། བར་སྐབས་ཤིག་ནས་མི་ཁ་ཤས་ཀྱིས་འགྲེལ་བརྗོད་ལོག་པ་བྱས་ནས། བར་ཐག་དང་དབྱེ་འབྱེད་བཟོ་མཁན་དེ་འདྲ་ཡོང་གི་འདུག དེ་ཆབ་སྲིད་པ་དང་མི་གཞན་སུ་འདྲ་ཞིག་ཡིན་ན་དེ་རྩ་བ་ཉིད་ནས་མ་གནང་རོགས་གནང་། ང་རང་ཚོ་རང་བཙན་རྩོད་མཁན་ཡིན་ན་རེད།  དབུ་མའི་ལམ་རྩོད་མཁན་ཡིན་ན་རེད། གཅིག་གིས་གཅིག་ལ་གུས་བརྩི་དང་ཆེ་མཐོང་ཡོད། གང་ཡིན་ཟེར་ན། མཐའ་མ་དེར་ཕན་ཐོགས་ཡ་བོད་རྒྱ་ཆེའི་མི་མང་དང་། བོད་རྒྱལ་ཁབ་དང་མི་རིགས་ཀྱི་དོན་དག་ལ་ཕན་ཐོགས་རྒྱུ་རེད། དམིགས་ཡུལ་གཅིག་གི་དོན་དུ་རེད། དབུ་ཁྲིད་གཅིག་གི་འོག་ལ་ཡོད་རེད། དེར་བརྟེན་དེའི་དབར་ན་བར་ཐག་ཡོང་དགོས་པ་ཡོད་མ་རེད། ཡོང་དོན་རྩ་བ་ཉིད་ནས་མེད་ཟེར་གསལ་པོ་བྱས་ནས་ཞུ་འདོད་བྱུང་།”ཞེས་སོགས་གསུངས་སོང་།

དེ་རྗེས་དམིགས་བསལ་སྐུ་མགྲོན་བོད་རང་བཙན་འཐབ་རྩོད་པ་ལྷ་བཟང་ཚེ་རིང་གིས་“ང་ཚོ་བོད་མིའི་ངོས་ནས་རང་བཙན་རྩོད་དགོས་པའི་རྒྱུ་མཚན་དེ། རང་བཙན་གྱི་འཐབ་རྩོད་དང་ཚོང་གཉིས་ནོར་རྒྱུ་མི་འདུག རང་བཙན་དེ་ང་ཚོས་བདེན་པ་རྩོད་ཀྱི་ཡོད་ཟེར་གྱི་ཡོད་རེད། བདེན་པ་དེ་བདེན་པ་ཉིད་དུ་རྩོད་དགོས་པ་ཞིག་རེད། ཚོང་གི་དམིགས་ཡུལ་ཁེ་སང་རེད། ཁེ་སང་ཡོད་ན་ཚོང་རྒྱག ཁེ་སང་མེད་ན་ཚོ་བརྗེ་པོ་རྒྱག ཚོང་བརྗེ་པོ་རྒྱག་རྒྱུ་མེད་ན་ཚོང་བཞག ཡིན་ན་ཡང་། དེ་མ་རེད།”ཅེས་དང་། “ང་ཚོ་མང་པོ་ཞིག་གིས་དེང་སང་བོད་ཀྱི་རྩ་དོན་ཐོག་བཀའ་མོལ་གནང་དུས་དགྲ་བོ་རྒྱ་མིའི་དྲག་པོའི་སྟོབས་ཤུགས་དང་། སྲིད་དོན་གྱི་ནུས་པ། དཔལ་འབྱོར་གྱི་ཡར་རྒྱས་དེ་ཚོའི་ཐོག་ལ་བཀའ་མོལ་གནང་གི་འདུག དེ་མ་རེད། ང་ཚོ་བོད་རང་བཙན་གྱི་འཐབ་རྩོད་དེ་བདེན་པའི་འཐབ་རྩོད་ཡིན་སྟབས། བདེན་པ་དེ་བདེན་པ་ཉིད་དུ་རྩོད་དགོས་ཀྱི་རེད། བདེན་པའི་འཐབ་རྩོད་ལ་འགྱུར་བ་གཏོང་ན་འགྲིག་གི་མི་འདུག དེ་ག་ནང་བཞིན་ང་ཚོ་ད་ལྟ་འདིར་ལམ་དབུ་མའི་ཐོག་ནས་བོད་གཞུང་གིས་རང་སྐྱོང་ཟེར་བ་ཞིག་རྩོད་ཡོང་གི་ཡོད་རེད། རང་བཙན་དེ་རྒྱལ་སྤྱིའི་གནད་དོན་རེད། དེ་ཡིན་དུས་ང་ཚོ་བོད་དེ་རྒྱལ་སྤྱིའི་སྡིངས་ཆའི་སྒང་ལ་གླེང་སློང་བྱེད་ཆོག་ཡ་དང་། བྱེད་ཐུབ་ཡ། བྱེད་དགོས་པ་ཞིག་རེད། རང་སྐྱོང་ཟེར་ན་དེ་དགྲ་བོ་རྒྱ་མིས་བཤད་པ་བཞིན་རྒྱ་ནག་ནང་ཁུལ་གྱི་གནས་ཚུལ་རེད་ཨ། ང་ཚོ་བོད་དེ་རྒྱ་མིའི་ནང་ཁུལ་གྱི་གནས་ཚུལ་ཞིག་མིན་པ། དེ་ཡིན་དུས་སྐབས་སུ་ཡིན་གཅིག་མིན་གཅིག་ང་ཚོས་རང་བཙན་རྩོད་དགོས་རེད།”ཅེས་དང་། བོད་ནང་གི་བོད་མི་ས་ཡ་དྲུག་གི་མངོན་འདོད་དེ་བོད་རང་བཙན་ཡིན་ཞིང་དེའི་ཆེད་དུ་བོད་ནང་ནས་ར་འཕྲོད་པར་རང་ལུས་མེར་སྲེག་གཏོང་མཁན་བརྒྱ་དང་བཞི་བཅུ་ལྔ་བཅུ་ཡས་མས་བྱུང་ཡོད་པ་དང་། ར་མ་འཕྲོད་པ་མང་པོ་བྱུང་ཡོད་སྲིད་སྐོར། ད་བར་དུ་ལམ་དབུ་མའི་ཆེད་དུ་རང་ལུས་མེར་སྲེག་གཏོང་མཁན་གཅིག་ཀྱང་བྱུང་མེད་སྐོར་གྱི་དོགས་འདྲི། གཞན་ཡང་། བོད་རང་བཙན་འཐབ་རྩོད་བྱེད་དགོས་དོན་ནི། བོད་རང་བཙན་དེ་བདེན་པའི་འཐབ་རྩོད་དང་། གཞིས་ལུས་མི་མང་གི་རེ་འདུན། རྒྱལ་སྤྱིའི་གནས་ཚུལ་ཡིན་སྐོར་སོགས་ཀྱི་ཐོག་ཞིབ་རྒྱས་གསུངས་སོང་།

དེ་རྗེས་བོད་རང་བཙན་འཐབ་རྩོད་པ་མཁས་དབང་འཇམ་དབྱངས་ནོར་བུས་“རང་བཙན་འཐབ་རྩོད་པ་རྣམས་དེ་རིང་མཇལ་རྒྱུ་བྱུང་བར་དཔེ་མི་སྲིད་པའི་དགའ་པོ་བྱུང་”ཞེས་དང་། “དེ་རིང་བསྟན་འཛིན་བརྩོན་འགྲུས་ལགས་ཀྱི་ང་ལ་མཁས་དབང་དང་རྩོམ་པ་པོ་ཞེས་ངོ་སྤྲོད་ནང་གསུངས་སོང་། དེ་རིང་ང་མཁས་དབང་དང་རྩོམ་པ་པོའི་ཐོག་ནས་བཅར་མེད། དེ་རིང་ང་བོད་རྒྱལ་ཡོངས་རང་བཙན་ལྷན་ཚོགས་ཀྱི་ཚབ་བྱས་ནས་བཅར་བ་ཡིན་” ཞེས་དང་། དེ་བཞིན་ཁོང་གིས་རྒྱ་ནག་གི་དམག་དང་། དཔལ་འབྱོར། གདུག་རྩུབ་བཅས་ཀྱི་ནུས་པར་མི་ཕུ་ཤོར་བཞིན་ཡོད་ཀྱང་། དེར་འགོག་རྒོལ་བྱེད་རྒྱུ་ཡོད་སྐོར་གྱི་དཔེ་མཚོན་དུ། ལོ་ཤས་སྔོན་དུ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་རྙིང་པ་རྣམས་ལྷོ་ཨ་ཧྥི་རི་ཀར་འཛོམས་ནས་ཚོགས་ཆེན་ཞིག་འཚོག་འཆར་གནར་བར་ཡུལ་དེའི་སྲིད་གཞུང་དང་རྒྱ་ནག་གཉིས་འབྲེལ་བ་ཟབ་མོ་ཡོད་སྟབས། རྒྱ་ནག་གི་རེ་སྐུལ་བཞིན་༧གོང་ས་མཆོག་ཕེབས་མི་ཐུབ་བཟོས་ཀྱང་། སྐབས་དེར་བོད་རྒྱལ་ཡོངས་རང་བཙན་ལྷན་ཚོགས་ཀྱི་གཙོ་འཛིན་འཇིགས་མེད་ཨུ་རྒྱན་ལགས་ནས་དྲིལ་བསྒྲགས་ལས་འགུལ་ཞིག་འགོ་འཛུགས་ཀྱིས་ཚོགས་མི་ཚོས་དེར་བསམ་ཞིབ་མང་པོ་བྱས་མཐར། གཞས་པ་གཞས་མ་དང་། རྩེད་མོ་བ། སྲིད་དོན་པ་སོགས་འཛམ་གླིང་གི་སྙན་གྲགས་ཅན་གྱི་མི་སྣ་མང་པོའི་མིང་ཐོག་ནས་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་རྙིང་པ་རྣམས་ལྷན་འཛོམས་ཀྱི་ཚོགས་ཆེན་དེ་ལྷོ་ཨ་ཧྥི་རི་ཀར་འཛོམས་ན་མི་འོས་པའི་དྲིལ་བསྒྲགས་དང་། ༧གོང་ས་མཆོག་ལྷོ་ཨ་ཧྥི་རི་ཀར་ཆིབས་སྒྱུར་གནང་རྒྱུར་བཀག་འགོག་བྱས་པར་བརྟེན། ཡུལ་དེར་ཚོགས་ཆེན་དེ་འཚོག་མི་རུང་བ་བརྗོད་ནས་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་རྣམས་ལ་གནོན་ཤུགས་སྤྲད་པ་བཞིན། མཐར་ཨི་ཊ་ལིའི་ནང་འཚོག་དགོས་བྱུང་ཡོད་པ་དང་། དེ་ནི་ཕྱི་འབྲེལ་གྱི་ཐོག་ནས་རྒྱལ་ཁ་ཞིག་ཡིན་པ་མ་ཟད། རྒྱ་ནག་ཁོ་རང་ཚོས་བེད་སྤྱོད་བྱེད་བཞིན་པའི་ཕྱི་འབྲེལ་སྲིད་ཇུས་ཤིག་སྐབས་དེར་བེད་སྤྱོད་གཏོང་བ་ཞིག་ཡིན་སྐོར་དང་། དེ་དང་དེས་མཚོན་པའི་རྒྱ་ནག་གི་སྟོབས་ཤུགས་ཤིན་ཏུ་ཆེ་ཡང་དེར་འགོག་རྒོལ་བྱེད་རྒྱུ་ཡོད་སྐོར་གསུངས་སོང་།

དེ་བཞིན་ཁོང་གིས་“ལས་ཀ་ཟེར་བ་དེ་བྱེད་ཡ་ཡོད་རེད། དེར་གལ་ཆེ་ཤོས་དེ་ང་ཚོ་འདི་འདྲ་བྱས་ཏན་ཏན་འཛོམས་དགོས་རེད། ལོ་གཉིས་གསུམ་ནང་ང་རང་ཚོ་ག་འདྲ་ཞིག་ཡིན་ན་ཡང་འཛོམས་ནས་སྐད་ཆ་བཤད་དགོས་རེད།”ཅེས་དང་། ལས་གཞི་སྤེལ་བར་གཏན་འཇགས་ཚོགས་པ་ཞིག་དགོས་གལ་ཆེ་སྐོར་དང་། དེའི་སྐོར་ད་ཐེངས་ཀྱི་ཚོགས་ཆེན་ཐོག་ནས་དགོངས་པ་བཞེས་དགོས་སྐོར་སོགས་ཀྱང་གསུངས་སོང་།

གཞན་ཡང་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་ཨ་ཇེས་སིན་གྱིས་གསུང་བཤད་གནང་སོང་བ་མ་ཟད། བོད་རང་བཙན་འཐབ་རྩོད་པ་འདས་པོ་སྤྱི་ཟུར་ཀརྨ་ཆོས་འཕེལ་ལ་རྒྱལ་གཅེས་དཔའ་བོའི་གཟེངས་རྟགས་ཤིག་ཁོང་གི་བཟའ་ཟླ་བསྟན་འཛིན་བདེ་སྐྱིད་ཀྱི་ཕྱག་ཏུ་ཕུལ་སོང་ལ། དེ་བཞིན་བོད་རང་བཙན་དང་འབྲེལ་བའི་རྩོམ་ཡིག་དཔེ་དེབ་ཅིག་ཀྱང་དབུ་འབྱེད་བྱས་སོང་།

རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་འདིའི་ཐོག་མའི་ཡོང་ཁུངས་ནི་ཕྱི་ལོ་༢༠༡༢ ལོའི་ཟླ་༧ པའི་ཚེས་༢༧ ཉིན་བཙན་བྱོལ་བོད་གཞུང་གི་བསྟི་གནས་གངས་ཅན་སྐྱིད་གཤོངས་བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་དུ་འཚོགས་ཡོད་པ་དང་། སྐབས་དེར་ཚོགས་ཞུགས་པ་བཀའ་བློན་ཁྲི་ཟུར་བསོད་ནམས་སྟོབས་རྒྱལ་(དེང་སྐབས་གཤེགས་ཟིན)དང་། བོད་མི་མང་སྤྱི་འཐུས་ཚོགས་གཙོ་ཟུར་པ་ཀརྨ་ཆོས་འཕེལ་(དེང་སྐབས་གཤེགས་ཟིན)གྱིས་དབུས་སྤྱི་འཐུས་ལས་ཐོག་བཅུ་དང་། བོད་དོན་རྒྱབ་སྐྱོར་བ་ཝི་ཇེ་ཀ་རན་ཏི། བོད་རང་བཙན་འཐབ་རྩོད་པ་ལྷ་བཟང་ཚེ་རིང་དང་། འཇམ་དབྱངས་ནོར་བུ། ཤིང་བཟའ་རིན་པོ་ཆེ། རྒན་བསོད་ནམས་དབང་འདུས། བསྟན་འཛིན་བརྩོན་འགྲུས་སོགས་ཀྱིས་དབུས་དུས་རྒྱུན་རང་བཙན་དོན་གཉེར་མཁན་མི་གྲངས་ལྔ་བཅུ་མ་ཟིན་ཙམ་ཚོགས་ཞུགས་བྱས་ནས། བོད་ཀྱི་རང་དབང་རང་བཙན་འཐབ་རྩོད་དང་འབྲེལ་བའི་བགྲོ་གླེང་གནང་ཡོད་པ་རེད། (ཚོགས་འདུ་འདི་ལ་དང་པོ་རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་ཟེར་གྱི་མེད་ཀྱང་། ད་ལྟའི་རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་གྱི་མགོ་ཁུངས་ལྟ་བུ་ཆགས་ཡོད་པར་བརྟེན། རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་ཐེངས་དང་པོར་ངོས་འཛིན་བྱས་འདུག)

རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་ཐེངས་གཉིས་པ་ནི་ཕྱི་ལོ་༢༠༡༥ ལོའི་ཟླ་༥ ཚེས་༢༣ ནས་ཉིན་གཉིས་རིང་རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པའི་རྒྱལ་སྤྱིའི་ཚོགས་ཁང་དུ་འཚོགས། རྒྱལ་སྤྱིའི་བོད་རང་བཙན་གྱི་ཚོགས་ཆེན་འདི་ཡང་བོད་མི་སྒེར་པ་ཁག་ཅིག་གིས་གོ་སྒྲིག་བྱས་ཤིང་སྐབས་དེར་ཚོགས་ཞུགས་པ་མི་གྲངས་༡༠༠ ཙམ་འཛོམས་ཡོད་པ་དང་། ཚོགས་ཆེན་ཐོག་བོད་རང་བཙན་འཐབ་རྩོད་དང་འབྲེལ་བའི་བརྗོད་གཞི་འདྲ་མིན་ཐོག་ནང་ཁུལ་བགྲོ་གླེང་གྲོས་བསྡུར་བྱས་པ་དང་། བོད་མི་དང་རྒྱ་གར་བ་བཅས་འདུ་འཛོམས་ཐོག་རྒྱ་གར་གྱི་མཁས་དབང་ཁག་ཅིག་གིས་བོད་དོན་དང་འབྲེལ་བའི་གཏམ་བཤད་ཀྱང་བྱས་ཡོད་པ་རེད། སྐབས་དེར་དོན་ཚན་བཞི་ཅན་གྱི་བསྒྲགས་གཏམ་ཞིག་ཀྱང་སྤེལ་ཡོད་པ་རེད།

རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་ཐེངས་གསུམ་པ་ནི། ཕྱི་ལོ་༢༠༡༦ ཟླ་༧ ཚེས་༣ ནས་ཉིན་གསུམ་གྱི་རིང་ཨ་རིའི་ནིའུ་ཡོག་ཏུ་ཡོད་པའི་བོད་མི་རང་བཙན་དོན་གཉེར་བ་ཁག་ཅིག་གིས་གོ་སྒྲིག་འོག་འཚོགས་ཡོད་པ་དང་། ཚོགས་ཆེན་ཐོག་རང་བཙན་ལྟ་གྲུབ་འཛིན་མཁན་མི་གྲངས་༡༠༠ ལྷག་མཉམ་ཞུགས་ཀྱིས་རྒྱལ་སྤྱིའི་སྡིངས་ཆའི་སྟེང་བོད་རང་བཙན་གྱི་ལངས་ཕྱོགས་ཐོག་ནས་གོམ་པ་མདུན་བསྐྱོད་གནང་རྒྱུས་གཙོས་རང་བཙན་འཐབ་རྩོད་རྒྱུན་གནས་ཡོང་ཆེད་གྲོས་ཆོད་དོན་ཚན་དྲུག་གཏན་འབེབས་དང་སྦྲགས། མ་འོངས་པར་བཅའ་ཁྲིམས་ནང་ཆབ་སྲིད་ཚོགས་པའི་ལམ་ལུགས་གཏན་འབེབས་དགོས་པའི་དགོས་འདུན་བཏོན་ཡོད་པ་རེད།

རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་ཐེངས་བཞི་པ་ནི། ཡོ་རོབ་ཁུལ་དུ་ཡོད་པའི་བོད་ཀྱི་གཞོན་རབས་པ་བོད་རང་བཙན་སླར་གསོའི་ལངས་ཕྱོགས་འཛིན་མཁན་ཁག་ཅིག་གིས་གོ་སྒྲིག་འོག ཕྱི་ལོ་༢༠༡༧ ལོའི་ཟླ་༨ ཚེས་༢༡ ཉིན་དབུ་འཛུགས་བྱས་ནས་ཕྱི་ཚེས་༢༣ བར་ཉིན་གསུམ་གྱི་རིང་ཡུ་རོབ་ཀྱི་རྒྱལ་ཁབ་ཧྥ་རན་སིའི་རྒྱལ་ས་པེ་རི་སིར་འཚོགས་ཡོད་ཅིང་། སྐབས་དེར་བོད་མི་མང་སྤྱི་འཐུས་ཁག་ཅིག་དང་། སྤྱི་ཟུར་ཁག་ཅིག དེ་བཞིན་འཛམ་གླིང་ཤར་ནུབ་གང་སར་བཞུགས་པའི་བོད་རང་བཙན་སླར་གསོ་དགོས་པའི་ལངས་ཕྱོགས་འཛིན་མཁན་བཅས་འཛོམས་ནས། ཚོགས་འདུའི་འཇུག་ཏུ་བསྒྲགས་གཏམ་དོན་ཚན་ལྔ་ཞིག་སྤེལ་ཡོད་པ་རེད།།

གསར་འགོད་པ་བཀྲ་ཤིས་དོན་གྲུབ།

Share this:
༡༡༧༥ ཀློག་གྲངས།