བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད།

༢༣ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཚོགས་བཅར་བ་ཡོངས་ལ་བཀའ་སློབ་སྤྱི་ཕེབས་བྱུང་བའི་ནང་ད་རེས་ཀྱི་ཚོགས་ཆེན་འདི་དམིགས་ས་བོད་རྒྱ་འབྲེལ་ལམ་སྐོར་ཡིན་ཡང་། དངོས་གཞི་ཚོགས་འདུའི་ཐོག་རང་རང་གི་མཐོང་ཚུལ་དང་ཉམས་མྱོང་ནས་ཤེས་ཡོན་གྱི་སྐོར་དང་། འཕྲོད་བསྟེན་གྱི་སྐོར་སོགས་རིགས་ཚང་མའི་ནང་ཡར་རྒྱས་གཏོང་དགོས་པ་དང་། འདི་དང་འདི་འཐུས་ཤོར་འགྲོ་གི་འདུག་ཅེས་བསམ་འཆར་དང་རེ་འདུན་བཏོན་པ་སོགས་གང་ཙམ་ཡོང་གི་འདུག་ཅེས་ངས་གོ་བྱུང་བ་དེ་སྔའི་ལོ་འཁོར་ལས་བསྡོམས་ཚོགས་ཆེན་ལྟ་བུ་བྱུང་འདུག དེས་ན་ཚོགས་འདུ་འདི་འདྲ་ལྷ་རབ་བྱུང་ན་ལོ་རེ་དང་དེ་མིན་ལོ་གནངས་འཆར་ཚུགས་ཐུབ་ན་ཡག་པོ་མེད་དམ་བསམ་པ་དྲན་བྱུང་ཞེས་ཕེབས་པ་བཞིན། བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཚོགས་དུས་བདུན་པར་དེ་ལྟ་བུའི་ཚོགས་ཆེན་འཚོགས་རྒྱུའི་སྤྱི་མོས་གྲོས་ཆོད་བཞག་པ་དང་ཚོགས་དུས་བརྒྱད་པ་དང་དགུ་པ་སོ་སོར་བགྲོ་གླེང་ཟབ་རྒྱས་གྲུབ་རྗེས་མཐའ་མ་གྲོས་ཆོད་གཏན་འབེབས་དགོངས་དོན།  ད་རེས་བོད་མིའི་འདུ་སྡོད་ས་གནས་མི་འབོར་ཆེ་ས་སྦེལ་ཀོབ་ཏུ་ཚུགས་ཐུབ་པ་བྱུང་བ་བཅས་བྱུང་རིམ་གྱི་ཚུལ་དུ་ཞུ་རྒྱུ་ཡིན།

གཞི་རྩའི་ཚོགས་འདུ་གོ་སྒྲིག་ཞུ་ཕྱོགས་ཐད་ཚོགས་གཙོ་སྦྲེལ་པོས་དབུས་སྤྱི་འཐུས་ཀྱི་ཚོགས་ཆུང་ཞིག་ཟུར་འཛུགས་ཐོག་ནས་གནང་གི་ཡོད་ནའང་འདི་ག་ས་གནས་ཀྱི་སྒྲིག་འཛུགས་ཁག་དང་ལས་ཀྱི་སྣེ་མོ་བས་མཐུན་འགྱུར་གནང་བ་དང་གནང་འཆར་ཡོད་པ་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། བོད་མིའི་འདུ་སྡོད་ས་གནས་མི་འབོར་ཆེ་ས་སྦེལ་ཀོབ་ལྟ་བུར་ཚོགས་དགོས་པའི་རྒྱུ་མཚན་གཙོ་བོ་ནི། མི་མང་གི་ཁྲོད་ལ་ང་རང་ཚོའི་ཆབ་སྲིད་དང་མང་གཙོའི་འཕེལ་རིམ་སྤྱི་དང་། བྱེ་བྲག་ཏུ་འཛིན་སྐྱོང་ཁྱབ་ཁོངས་ལས་ཁུངས་སོ་སོ་དང་འབྲེལ་བའི་སྲིད་བྱུས་དང་ལས་འཆར་གང་ཡོད་ཐོག་དོ་སྣང་ཆེ་ཙམ་ཡོང་བའི་རེ་བ་ཡོད་པ་ལྟར་ཐུགས་ཕན་གསོས་ངེས་ཡིན།   ཉིན་དྲུག་རིང་གི་བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་དང་པོ་འདི་བཞིན་བཅའ་ཁྲིམས་དགོངས་དོན་གྱི་ལས་རིམ་ཞིག་མིན་ནའང་། ༸གོང་ས་མཆོག་གི་བཀའ་དགོངས་དང་དེའི་རྗེས་འབྲེལ་གྲོས་ཚོགས་ཀྱི་གྲོས་ཆོད་དགོངས་དོན་ཞིག་ཡིན། དེ་ལྟ་ནའང་ཚོགས་འདུ་འདིའི་ཕྱོགས་བསྡོམས་བསམ་ཚུལ་གང་བྱུང་བ་རྣམས་ལ་ཁྲིམས་ཀྱི་ནུས་པ་མེད།

སྐབས་དང་དུས་མཚམས་སོ་སོེར་ཚོགས་འདུ་འདི་ལྟ་བུ་ཚོགས་དགོས་དོན་གཙོ་བོ་ནི་མང་གཙོའི་ལམ་སྲོལ་དང་མཐུན་པ་མི་མང་གི་འོས་འདེམས་བྱས་པའི་འཐུས་མི་ཆེ་འབྲིང་ཆུང་གསུམ་གྱི་བསམ་བློའི་ནུས་པ་རྩལ་དུ་བཏོན་ཏེ་ད་ལྟ་འགྲོ་བཞིན་པའི་སྲིད་བྱུས་དང་ལས་འཆར་ཁག་ལ་རྒྱབ་སྐྱོར་དང་ཡང་ན་ལེགས་བཅོས་ཀྱི་བསམ་ཚུལ་གང་ཡོད་སྡིངས་ཆ་གཅིག་ཐོག་སྤངས་ཐུབ་པ་དང་། ནམ་རྒྱུན་ས་གནས་སོ་སོར་ཕྱག་ལས་གནང་བཞིན་པའི་ལས་ཀྱི་སྣེ་མོ་བ་རྣམས་ཀྱིས་དུས་རྒྱུན་ནས་མི་མང་ཁྲོད་འདྲིས་བཤིབས་ཀྱི་ཉམས་མྱོང་དང་བཙན་བྱོལ་བོད་གཞུང་གི་མཛད་གཙོ་རྣམ་པའི་དགོངས་ཚུལ་དང་ཉམས་མྱོང་བཅས་ཕན་ཚུན་བརྗེ་རེས་ཀྱི་སྡིངས་ཆ་རླབས་པོ་ཆེ་ཞིག་ཀྱང་ཆགས་ཀྱི་ཡོད། ད་རེས་ཀྱི་ཚོགས་ཆེན་འདིའི་ཐོག་བསམ་ཚུལ་ཕྱོགས་བསྡོམས་ཁག་མ་འོངས་བཀའ་ཤག་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས། དེ་མིན་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཀྱི་སྣེ་མོ་བ་དང་མང་ཚོགས་བཅས་ཚང་མས་ལས་དོན་བྱེད་ཕྱོགས་ཀྱི་ལམ་སྟོན་དུ་འགྱུར་བའི་ཆེད་དམིགས་པ་ཞིག་རེད། དེ་འདྲ་ཡིན་ཙང་ཚོགས་བཅར་བ་ཚང་མར་སོ་སོའི་རྩ་ཆེའི་དུས་ཚོད་དང་འགྲོ་སོང་བཏང་ནས་ཕེབས་པ་དང་གཞུང་གྲོན་བཏང་པ་བཅས་ཆུད་ཟོས་སུ་མི་འགྲོ་བར་ཚོགས་ཆེན་གྱི་ཚོགས་ཆུང་སོ་སོའི་ནང་ཀླད་པ་དཀྲུག་རྒྱུ་མེད་ན་མ་གཏོགས་དཀྲུགས་ཏེ་ཕན་འབྲས་ལྡན་པ་ཞིག་ཡོང་བ་བྱ་རྒྱུ་གལ་ཆེ།   ལས་རིམ་སྔོན་ཚུད་ནས་བཀྲམ་ཟིན་པ་བཞིན་གྲོས་ཆོད་དགོངས་དོན་ཚོགས་འདུ་དབུ་འབྱེད་ཀྱི་མཛད་སྒོ་གྲུབ་འཕྲལ་ཚོགས་ཆུང་ཐུན་མོང་གི་གྲོས་གཞི་གཉིས་ཏེ་ཆབ་སྲིད་དང་མང་གཙོ་འཕེལ་རྒྱས་སྐོར་ཚོགས་ཐེངས་གསུམ་རེ་ཟུར་དུ་ཆ་བགོས་བྱས་ཡོད། ཚོགས་ཆུང་སོ་སོའི་ནང་བསམ་ཚུལ་ཕྱོགས་བསྡོམས་སྐབས་སྤྱི་མོས་ཡིན་ན་བརྗོད་མེད་དང་། དེ་མིན་འོས་གྲངས་དང་བཅས་པ་འགོད་དགོས།  ཆབ་སྲིད་ཐོག་ཉེ་ཆར་ཕྱི་ལོ་ ༢༠༠༨ ལོར་དམིགས་བསལ་ཚོགས་ཆེན་ཚོགས་ཟིན་པ་དང་། འདི་ལོ་གྲོས་ཚོགས་ཀྱི་ཚོགས་དུས་དགུ་པར་སྤྱི་མོས་གྲོས་ཆོད་བཞག་ཟིན་པས། དབུ་མའི་ལམ་དང་། རང་བཙན། རང་ཐག་རང་གཅོད་སོགས་ལ་བགྲོ་གླེང་གི་དུས་ཚོད་མང་པོ་གཏོང་མི་དགོས་ཐོག ད་ལྟའི་བཙན་བྱོལ་བོད་གཞུང་གི་སྲིད་བྱུས་ལངས་ཕྱོགས་ལྟར་ལས་དོན་བསྒྲུབ་ཕྱོགས་ཀྱི་ཐབས་ལམ་ཐོག་ལེགས་བཅོས་དང་བསམ་བློ་གསར་པ་ཇི་ཡོད་སྤངས་ཐུབ་པ་ཡིན་ན་དགེ་མཚན་དུ་མངོན་ཡང་ཚོགས་ཆུང་སོ་སོས་བབས་གཟིགས་གནང་རྒྱུ། དེ་བཞིན་མང་གཙོ་འཕེལ་རྒྱས་སྐོར་དགོངས་ཚུལ་སྤྱི་སྤོམ་ཙམ་མ་ཡིན་པར་སྒྲུབ་ཐུབ་པའི་བསམ་འཆར་རིགས་བྱུང་ན་གང་ལེགས་ཡོང་རྒྱུ། སྤྱིར་བཏང་དུས་ཚོད་ཆ་བགོས་བྱས་ཡོད་ནའང་། ཚོགས་ཆུང་སོ་སོར་མི་མང་ཉུང་གི་ཁྱད་པར་ཡོད་པ་དང་། ཚོགས་འདུ་གཙོ་སྐྱོང་གནང་སྟངས་འདྲ་མིན་ཡོང་སྲིད་པས་དུས་བཀག་ནང་མ་ཚར་ན་ཚོགས་ཆུང་གི་ཚོགས་གཙོ་སོ་སོས་ཚོགས་ཐེངས་ཀྱི་དུས་ཚོད་འཕར་འགྱངས་གནང་འཐུས།

གཞན་ཚོགས་ཆུང་སོ་སོའི་གཏན་འབེབས་གྲོས་གཞི་ངེས་ཅན། ཆོས་དང་རིག་གཞུང་། གཞིས་ཆགས་སྲ་བརྟན། དཔལ་འབྱོར། ཤེས་ཡོན། བོད་དོན་དྲིལ་བསྒྲགས་དང་། རྒྱ་བལ་འབྲུག་གསུམ་ཕུད་པའི་ཁ་ཐོར་བོད་མིའི་སྐོར་དང་། འཕྲོད་བསྟེན་བཅས་ཀྱི་ཐོག་ད་ལྟ་ལག་བསྟར་བྱེད་བཞིན་པའི་སྲིད་བྱུས་དང་ལས་འཆར་ཁག་ལ་དཔྱད་ཞིབ་དཔྱིས་ཕྱིན་པ་གནང་རྒྱུ་དང་། ལེགས་བཅོས་ཀྱི་བསམ་ཚུལ་གང་ཡོད་ཞིབ་ཚགས་བགྲོ་གླེང་ཡོང་ཆེད་ཉིན་གཉིས་དང་། དེ་རྗེས་ཉིན་གཅིག་ལྷན་འཛོམས་ཐོག་ཚོགས་ཆུང་སོ་སོའི་བསམ་འཆར་ཕྱོགས་བསྡོམས་སྙན་ཐོ་ཁག་སྙན་སྒྲོན་དང་བཅས་གཏན་འབེབས་བྱ་རྒྱུའི་དུས་ཚོད་ཟུར་བཅད་ཡོད། ད་རེས་ཚོགས་ཆེན་གྱི་ཚོགས་ཆུང་སོ་སོའི་ཚོགས་མི་རྣམས་སོ་སོའི་ལས་འགན་གྱི་ངོ་བོ་དང་མཐུན་པ་ཆ་བགོས་ཞུས་ཡོད་པ་དང་། གཞན་ཚོགས་བཅར་བ་རྣམས་དུས་རྒྱུན་དུ་སོ་སོའི་ཐུགས་སྣང་ཡོད་པའི་གྲོས་གཞིར་འདོད་མོས་ལྟར་བཞུགས་རྒྱུའི་གོ་སྐབས་ཕུལ་ཡོད་པས་རང་རང་གི་རྣམ་དཔྱོད་རྩལ་དུ་འདོན་ཐུབ་པའི་རེ་བ་ཡོད། སྤྱིར་འཛིན་སྐྱོང་བཀའ་ཤག་ནས་ཚོགས་འདུ་དབུ་འབྱེད་སྐབས་ཀྱི་གསུང་བཤད་ནང་དཔལ་ལྡན་བཀའ་བློན་ཁྲི་པ་མཆོག་ནས་ད་བར་གྱི་སྲིད་བྱུས་འཛིན་སྟངས་དང་ལས་དོན་བྱ་ཕྱོགས་སྐོར་ཞིབ་ཅིང་རྒྱས་པ་བཀའ་སློབ་གནང་གི་རེད་དེ། ད་དུང་དྭོགས་མ་ཆོད་པ་ཡོད་ཚེ་ཚོགས་ཆུང་སོ་སོའི་ནང་འབྲེལ་ཡོད་བཀའ་བློན་མཉམ་ཞུགས་གནང་གི་ཡོད་ཙང་དོགས་འདྲི་དང་ལན་འདེབས་ཀྱི་གོ་སྐབས་ཏན་ཏན་ཡོང་གི་རེད། བསམ་ཚུལ་གང་གསུང་ཡང་གནད་དོན་རྟོགས་པའི་ཐོག་ནས་གསུང་རྒྱུ་གལ་ཆེ།  ཚོགས་ཆུང་ཁག་གི་ནང་ནས་ནང་སྲིད་དང་འབྲེལ་བའི་གཞིས་ཆགས་སྲ་བརྟན་སྐོར་དང་། དཔལ་འབྱོར་དང་འབྲེལ་བའི་གནད་དོན་སྐོར་ཚོགས་བཅར་བ་མང་བས་ནང་གསེས་ཚོགས་ཆུང་གཉིས་སུ་བགོ་དགོས་བྱུང་། ཚོགས་ཆུང་དེ་ཚོའི་ནང་འབྲེལ་ཡོད་བཀའ་བློན་དུས་གཅིག་ཏུ་བཅར་ཐབས་མེད་པས་ཚོགས་ཆུང་སོ་སོའི་ཚོགས་གཙོ་རྣམ་པས་འབྲེལ་ཡོད་བཀའ་བློན་དང་གོ་བསྡུར་ཞུས་ཏེ་དུས་ཚོད་གཏན་འབེབས་གནང་གལ། ཚོགས་ཆེན་གྱི་ཉིན་མཐའ་མའི་སྔ་དྲོར་ཕྱོགས་བསྡོམས་སྙན་ཐོ་གཏན་འབེབས་གྲུབ་རྗེས། ཉིན་རྒྱབ་ཚོགས་ཆེན་གྱི་མཇུག་བསྡོམས་མཛད་སྒོར་ཇི་ལྟར་གསོལ་བ་བཏབ་པ་བཞིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་ཕྱོགས་བསྡོམས་སྙན་ཐོ་སྙན་སྒྲོན་ཞུ་བ་དང་འབྲེལ། ༸གོང་ས་མཆོག་གི་བཀའ་སློབ་ལམ་སྟོན་གསུང་གི་བདུད་རྩི་ཐོབ་པའི་སྐལ་བཟང་གི་རྒྱུའི་གོ་སྐབས་ཀྱང་ཡོད།  ཚོགས་བཅར་བ་མང་པོ་ཞིག་ས་ཐག་རིང་པོ་ནས་ཕེབས་པར་བརྟེན་སྐུ་ངལ་མི་ཉུང་བ་ཞིག་བྱུང་ཡོད་ཤག་དང་། འདིར་བཞུགས་པའི་རིང་ལའང་དཀའ་ངལ་མི་ཉུང་བ་ཞིག་འཕྲད་སྲིད་པས་ཚོགས་ཆེན་གོ་སྒྲིག་ཞུ་སྒོ་དང་འབྲེལ་བའི་གནད་དོན་ཡོད་རིགས་སྐབས་འཕྲལ་སོ་སོར་གོ་སྒྲིག་ཚོགས་ཆུང་གི་ཚོགས་མི་དང་ཚོགས་དྲུང་ལས་བྱ་སུ་རུང་ལ་ཞུ་གནང་ཡོང་བ་དང་། ང་ཚོའི་ངོས་ནས་དཀའ་སེལ་ཐབས་ལམ་གང་ཐུབ་ཞུ་རྒྱུ་ཡིན། ད་རེས་ཀྱི་ཚོགས་འདུ་འདི་གོ་སྒྲིག་ཞུ་ཆེད་གཞུང་གྲོན་མང་ཙམ་ཞིག་འགྲོ་གི་ཡོད་རེད་ལ། དེ་མཚུངས་ཚོགས་པ་དང་གང་ཟག་སྒེར་མང་པོ་ཞིག་གི་ངོས་ནས་ཀྱང་དུས་ཚོད་དང་འགྲོ་སོང་མང་དག་ཅིག་བཏང་ཡོད་པ་དང་། ལྷག་དོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཐུགས་རེ་ཧ་ཅང་ཆེན་པོ་གནང་བཞིན་པ་བཅས་ཆུད་ཟོས་སུ་མི་འགྲོ་བ་བྱ་གལ་ཆེ་ཞུ་རྒྱུ་བཅས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཕྱི་ལོ་ ༢༠༡༠ ཟླ་ ༨ ཚེས་ ༢༦ ལ།། །།{jcomments on}

Share this:
༧༣ ཀློག་གྲངས།