ཊོམ་གྱིས་ཀེམ་དང་ཐུག་འཕྲད་ཕྱིར་འཐེན་བྱས་འདུག

ཨ་རིའི་སྲིད་འཛིན་ཊོམ་གྱིས་བྱང་ཀོ་རི་ཡའི་འགོ་ཁྲིད་ཀེམ་ཇོང་ཨན་དང་ཐུག་འཕྲད་བྱེད་འཆར་དེ་ཕྱིར་འཐེན་བྱས་ནས། མ་འོངས་པར་ཐུག་འཕྲད་བྱ་འདོད་ཡོད་ཚེ་འབྲེལ་བ་བྱེད་པར་དགག་བྱ་མེད་སྐོར་བརྗོད་འདུག་པ་དང་། བྱང་ཀོ་རི་ཡར་དམག་འཁྲུག་གི་སྡིགས་ར་ཡང་བསྐུལ་འདུག

ཟླ་༥ པའི་ཚེས་༢༥ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། བདུན་ཕྲག་ཁ་ཤས་རིང་བྱང་ཀོ་རི་ཡའི་མཐོ་རིམ་འགོ་ཁྲིད་ཀྱིས། ཨ་རིའི་སྲིད་འཛིན་གཞོན་པ་མེག་པེན་སེར་སྐྱོན་བརྗོད་ཀྱི་བསྒྲགས་གཏམ་མང་པོ་སྤེལ་ཡོད་པ་དང་། དེ་བཞིན་ཨ་རི་དང་རྡུལ་མཚོན་གྱི་དམག་རྒྱག་དགོས་པ་བྱུང་ཚེ་གྲ་སྒྲིག་ཡིན་སྐོར་སོགས་བསྒྲགས་རྗེས། ཟླ་༥ པའི་ཚེས་༢༤ ཉིན་ཨ་རིའི་སྲིད་འཛིན་ཊོམ་གྱིས་བྱང་ཀོ་རི་ཡས་ཨ་རིར་ཁོང་ཁྲོ་དང་སྡང་སེམས་ཀྱི་རྣམ་འགྱུར་དྲག་པོ་བསྟན་པའི་རྐྱེན་གྱིས། གཏན་འཁེལ་བཟོས་ཟིན་པའི་ཨ་བྱང་གཉིས་ཀྱི་ལྷན་ཚོགས་དེ་ཕྱིར་འཐེན་བྱས་པའི་གསལ་བསྒྲགས་བྱས་འདུག

དེ་བཞིན་ཁོང་གིས་ཀེམ་ཇོང་ཨན་ལ་བསྐུར་བའི་འཕྲིན་ཡིག་ཅིག་ནང་། ཨ་བྱང་གཉིས་ཀྱི་ལྷན་ཚོགས་དེ་ཕྱིར་འཐེན་བྱས་ཡོད་པ་དང་། དེ་ནི་འཛམ་གླིང་དང་བྱང་ཀོ་རི་ཡར་ཞི་བདེ་དང་འཕེལ་རྒྱས་ཀྱི་གོ་སྐབས་བཟང་པོ་ཞིག་ཤོར་བ་ཡིན་པས། ལོ་རྒྱུས་ནང་སེམས་སྐྱོ་བའི་གནད་དོན་ཞིག་ཡིན་པ། དེ་བཞིན་བྱང་ཀོ་རི་ཡས་རྡུལ་མཚོན་གྱི་ནུས་པའི་སྐོར་བཤད་ཡོད་ཀྱང་། ཨ་རིའི་རྡུལ་མཚོན་དང་དམག་གི་སྟོབས་ཤུགས་ཤིན་ཏུ་ཆེན་པོ་ཡིན་པས། དེ་དག་བཀོལ་སྤྱོད་བྱེད་པའི་དུས་ཚོད་ཅིག་མི་ཤར་བའི་སྨོན་ལམ་རྒྱག་གི་ཡོད་སྐོར་བྲིས་ནས། གལ་ཏེ་བྱང་ཀོ་རི་ཡས་མ་འོངས་པར་ལྷན་ཚོགས་དང་འབྲེལ་བའི་བསམ་བློ་འགྱུར་བ་སོང་ཚེ། འབྲེལ་བ་བྱེད་པར་དགག་བྱ་མེད་སྐོར་བྲིས་ཡོད་འདུག

དེ་སྔོན་ཨ་རིའི་སྲིད་འཛིན་ཊོམ་གྱིས་བྱང་ཀོ་རི་ཡས་རྡུལ་མཚོན་རྩ་མེད་བཟོ་དགོས་པའི་དགོས་འདུན་བཏོན་ཡོད་ཀྱང་། བྱང་ཀོ་རི་ཡས་ཕྱོགས་གཅིག་ནས་རྡུལ་མཚོན་ནུས་མེད་བཟོ་རྒྱུ་ངོས་ལེན་མེད་སྐོར་བསྒྲགས་ནས་ལྷན་ཚོགས་ནས་ཕྱིར་འཐེན་བྱ་རྒྱུའི་སྡིགས་ར་བསྐུལ་ཡོད་པ་རེད།

ཊོམ་གྱིས་ལྷན་ཚོགས་དེ་ཕྱིར་འཐེན་བྱས་རྗེས། བྱང་ཀོ་རི་ཡའི་ཕྱི་སྲིད་བློན་ཆེན་གཞོན་པ་ཀེམ་ཀི་ཝན་གྱིས་ཊོམ་གྱི་ཐག་གཅོད་དེ་ནི་འགྱོད་སྣང་ཆེན་པོ་སྐྱེ་འོས་པ་ཞིག་ཡིན་པ་དང་། བྱང་ཀོ་རི་ཡའི་ངོས་ནས་གནས་དུས་གང་འདྲ་ཞིག་ཡིན་ནའང་ལྷན་ཚོགས་འཚོག་རྒྱུའི་འདོད་མོས་ཡོད་སྐོར་བསྒྲགས་འདུག

རྒྱལ་སྤྱིའི་རྒྱལ་ཁབ་ཁག་གི་འགོ་ཁྲིད་མང་པོ་ཞིག་གིས། ཊོམ་གྱི་ཐག་གཅོད་དེར་བློ་ཕམ་ཡོད་སྐོར་དང་ལྷན་ཚོགས་དེའི་ཆེད་དུ་མུ་མཐུད་ཕྱོགས་གཉིས་བར་འབྲེལ་བ་བྱས་ཏེ། དངོས་སུ་གྲུབ་འབྲས་ཐོན་པའི་རེ་བ་བྱེད་ཀྱི་ཡོད་སྐོར་བསྒྲགས་འདུག

བྱང་ཀོ་རི་ཡའི་རྡུལ་མཚོན་བཟོ་སྐྲུན་ལས་གཞི་ལ་བརྟེན་ནས། ཨ་རི་གཙོས་པའི་མཉམ་འབྲེལ་རྒྱལ་ཁབ་དང་ཡུ་རོབ་མཐུན་ཚོགས་སོགས་ཀྱིས། རྒྱལ་ཁབ་དེར་དཔལ་འབྱོར་གྱི་ཉེས་ཆད་བསྟུད་མར་བཏང་ཡོད་པ་མ་ཟད། སྲིད་འཛིན་ཊོམ་གྱིས་དམག་འཁྲུག་གི་སྡིགས་ར་ཐེངས་མང་བྱས་ཡོད་པ་རེད་དེ། དངོས་སུ་ཐད་ཀར་གདོང་ཐུག་གང་ཡང་བྱུང་མེད་པ་རེད། རྗེས་སུ་ཕྱི་ལོ་༢༠༡༨ ལོའི་འགོ་སྟོད་དུ། བྱང་ཀོ་རི་ཡས་ལྷོ་ཀོ་རི་ཡ་དང་འབྲེལ་ལམ་བསྐྱར་གསོ་བྱ་རྒྱུའི་འདོད་པ་ཡོད་པའི་རྣམ་འགྱུར་བསྟན་ནས། དགུན་ཁའི་ཨོ་རྩལ་འགྲན་ཚོགས་སྐབས་ལྷོ་བྱང་ཀོ་རི་ཡ་གཉིས་རྒྱལ་དར་གཅིག་གི་འོག་ཏུ་མཉམ་ཞུགས་བྱས་ཡོད་པ་དང་། འདི་ལོའི་ཟླ་༤ པའི་ཚེས་༢༧ ཉིན་ལྷོ་བྱང་ཀོ་རི་ཡའི་འགོ་ཁྲིད་གཉིས་དངོས་སུ་ཐུག་འཕྲད་བྱས་ཏེ། ཕན་ཚུན་དམག་འཁྲུག་མི་རྒྱག་པའི་གྲོས་མཐུན་བཞག་ནས། ཕྱོགས་གཉིས་བར་གྱི་འབྲེལ་ལམ་ལ་ཡར་རྒྱས་ཀྱི་རྣམ་པ་ཐོན་ཡོད་པ་དང་། དེ་བཞིན་ཨ་རིའི་སྲིད་འཛིན་ཊོམ་དང་བྱང་ཀོ་རི་ཡའི་འགོ་ཁྲིད་ཀེམ་གཉིས་ཟླ་༦ པའི་ཚེས་༡༢ ཉིན་སེང་གྷ་པུར་ཐུག་འཕྲད་བྱ་རྒྱུ་བྱས་ཡོད་རུང་། ད་ལྟའི་ཆར་ཐུག་འཕྲད་དེ་ཕྱིར་འཐེན་བྱས་ཟིན་པ་ལ་བརྟེན་ནས། ཕྱོགས་གཉིས་བར་གྱི་འབྲེལ་ལམ་དང་ཀོ་རི་ཡའི་མཚོ་གླིང་ཁུལ་གྱི་ཞི་བདེ་ལྷིང་འཇགས་ཀྱི་གནས་སྟངས་གང་འདྲ་ཆགས་མིན་ངེས་མེད་ཡིན་པ་རེད།།

གསར་འགོད་པ་སྐལ་བཟང་དོན་གྲུབ།

Share this:
༡༠༥༣ ཀློག་གྲངས།