རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་ཐེངས་ལྔ་པའི་བསྒྲགས་གཏམ།

རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་ཐེངས་ལྔ་པའི་ཉིན་མཐའ་མར་བསྒྲགས་གཏམ་དོན་ཚན་༤ ཅན་ཞིག་དང་། འབོད་སྐུལ་དང་དགོངས་ཚུལ་ཁག་༡༥ བསྒྲགས་སོང་།

ཟླ་འདིའི་ཕྱི་ཚེས་༢༥ ཉིན་གྱི་ཕྱི་དྲོར་དྷ་ས་རྒྱ་གར་ས་གནས་བདེ་དོན་གྱི་ཚོགས་ཁང་དུ་རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་ཐེངས་ལྔ་པའི་མཇུག་མཐར། དོན་ཚན་བཞི་འཁོད་པའི་བསྒྲགས་གཏམ་ཞིག་དང་ཚོགས་ཆུང་ཆ་བགོས་ཀྱིས་གྲོས་བསྡུར་བྱས་པ་རྣམས་ཚོགས་ཆེན་སྤྱི་རུ་སྤུངས་ནས་དེ་དག་ལ་བསྐྱར་དུ་གོ་བསྡུར་བྱས་པ་བརྒྱུད་སྤྱི་མོས་དང་མང་མོས་ཀྱི་ཐོག་ནས་འབོད་སྐུལ་དང་དགོངས་ཚུལ་ཁག་༡༥ ཞིག་བསྒྲགས་སོང་བ་མ་ཟད། ཚོགས་ཆེན་གྱི་ཉིན་མཐའ་མའི་སྔ་དྲོར་ཚོགས་བཅར་བ་ཡོངས་ལ་༧གོང་ས་མཆོག་མཇལ་ཁ་རག་ཡོད་པ་དང་། བསྒྲགས་གཏམ་གྱི་དོན་ཚན་དང་པོ་སྔོན་གླེང་ནང་“ད་ལན་རྒྱལ་སྤྱིའི་བོད་རང་བཙན་ལྷན་ཚོགས་འདིར་འཛམ་གླིང་ཤར་ནུབ་ཀྱི་རྒྱལ་ཁབ་མང་པོ་ཞིག་ནས་བོད་རང་བཙན་དོན་གཉེར་བ་ན་གཞོན་གཙོ་བོར་གྱུར་པའི་མི་གྲངས་༡༦༠ ལྷག་དང་བླངས་ཀྱི་ཐོག་ནས་སླེབས་ཏེ། ཉིན་གསུམ་རིང་བགྲོ་གླེང་དང་སེམས་ཤུགས་ཆེན་པོའི་ཐོག་ནས་མ་འོངས་པར་བོད་རང་བཙན་སླར་གསོ་དགོས་པའི་རྣམ་པ་གསལ་པོ་བསྟན་སོང་བ་དང་། ཚོགས་འདུའི་ཉིན་མཐའ་མ་ཕྱི་ལོ་༢༠༡༨ ཟླ་༥ ཚེས་༢༥ ཉིན་བདག་ཅག་བོད་འབངས་ཡོངས་ཀྱི་འདི་ཕྱི་གཉིས་ཀྱི་མགོན་པོ་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཐུགས་དགྱེས་བརྩེ་ཆེན་པོས་ཚོགས་ཞུགས་པ་ཡོངས་ལ་མཇལ་ཁ་གནང་བ་ནི། ད་ལན་ཚོགས་འདུའི་ཐོག་ནས་བྱུང་བའི་སྤོབས་པ་དང་སེམས་ཤུགས་འཕར་བའི་གཞི་རྩ་གཙོ་བོར་གྱུར་ཡོད།”ཅེས་བསྒྲགས་སོང་།

བསྒྲགས་གཏམ་དོན་ཚན་བཞི་པ་བསྒྲགས་གཏམ་གྱི་དོན་གནད་སྙིང་བསྡུས་ཀྱི་ཁོངས་སུ་ནང་གསེས་དོན་གནད་ཁག་ལྔ་ཡོད་པ་ནི།

༡༽ བོད་རང་བཙན་སླར་གསོ་དགོས་པ་ནི་བོད་མི་འདས་གསོན་ཡོངས་ཀྱི་དམིགས་འདུན་གཙོ་བོར་བཟུང་ནས་འཐབ་རྩོད་མུ་མཐུད་བྱ་རྒྱུ་དང་། མི་ཚེ་མི་རབས་ལ་འཐབ་རྩོད་དགོས་ཀྱང་བོད་དོན་བདེན་མཐའ་མ་གསལ་གྱི་བར་དུ་སྙིང་ལ་རུས་པ་བཅུག་ནས་འཐབ་རྩོད་རྒྱུན་བསྲིང་བྱེད་ཐུབ་པ་ཞིག་ཡོང་ཐབས་བྱ་རྒྱུ་དེ་ནི་ཚོགས་ཆེན་འདིའི་ཐོག་ནས་རྩ་དོན་གཙོ་བོ་རུ་བཟུང་ཡོད།

༢༽   རྒྱ་དམར་དྲག་པོའི་གཞུང་ནས་བོད་ས་བཙན་བཟུང་དང་། བོད་མི་འབུམ་བཅུ་གཉིས་ལྷག་རྐྱེན་ལམ་དུ་བཏང་བ། མི་རིགས་དབྱེ་འབྱེད་དང་། བོད་ཀྱི་ཁོར་ཡུག་གཏོར་བཤིག འགྲོ་བ་མིའི་ཐོབ་ཐང་དང་རིག་གནས་རྩ་མེད་བཏང་དང་གཏོང་བཞིན་པ་མ་ཟད། ལྷག་པར་དུ་ཞི་ཅིན་ཕིན་རྒྱ་ནག་གི་སྲིད་འཛིན་དུ་གྱུར་པ་ནས་བཟུང་། བོད་ནང་གི་གནས་སྟངས་ཛ་དྲག་ཏུ་འགྱུར་བཞིན་པ་འདི་ལ་ཚོགས་ཆེན་འདིའི་ཐོག་ནས་རྒོལ་གཏམ་དྲག་པོ་གཏོང་རྒྱུ་དང་། རྒྱ་དམར་གཞུང་གི་ངོ་ཚ་ཁྲེལ་གཞུང་དང་བྲལ་བའི་བྱེད་སྟངས་འདི་དག་རྒྱལ་སྤྱིའི་སྟེང་དུ་ཤེས་རྟོགས་ཐུབ་པ་བྱ་རྒྱུ།

༣༽   ཕྱི་ལོ་༢༠༡༥ ལོར་ལྡི་ལི་གསར་པར་ཚོགས་པའི་རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་གྱི་བསྒྲགས་གཏམ་དུ་འཁོད་པའི་ཐག་གཅོད་དོན་ཚན་བཞི་དང་། ཕྱི་ལོ་༢༠༡༦ ལོར་ཨ་རིའི་གྲོང་ཁྱེར་ནེའུ་ཡོག་ཏུ་ཚོགས་པའི་རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་གྱི་བསྒྲགས་གཏམ་དུ་འཁོད་པའི་ཐག་གཅོད་དོན་ཚན་དྲུག ཕྱི་ལོ་༢༠༡༧ ལོར་ཧྥ་རན་སིའི་རྒྱལ་ས་པེ་རི་སིར་ཚོགས་པའི་རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་གྱི་བསྒྲགས་གཏམ་དུ་འཁོད་པའི་ཐག་གཅོད་དོན་ཚན་ལྔ་བཅས་གཞི་རྩར་བཟུང་ཞིང་། དེ་དག་ལ་དབྱེ་ཞིབ་དང་འབྲེལ་ལག་བསྟར་ཡོང་ཐབས་བྱ་རྒྱུ།

༤༽  ད་ལྟ་བོད་ཀྱི་འཐབ་རྩོད་ཛ་དྲག་གཉན་འཕྲང་ཅན་ཞིག་ཏུ་གྱུར་པའི་སྐབས་འདིར། བཙན་བྱོལ་སྤྱི་ཚོགས་ཀྱི་བོད་མི་རྣམས་འཐབ་རྩོད་དང་གཅིག་སྒྲིལ་གྱི་བསམ་བློའི་ཐོག་ནས་བློ་དོགས་སྐྱེ་དགོས་པའི་གནས་ཚུལ་ཞིག་ཏུ་འགྱུར་བཞིན་ཡོད་སྟབས། བོད་རང་བཙན་སླར་གསོའི་དམིགས་འདུན་འཆང་མཁན་རྣམས་ཀྱི་ངོས་ནས་སྔར་བཞིན་དགྲ་གཉེན་མགོན་གསུམ་གྱི་ཁ་ཕྱོགས་མ་ནོར་བའི་ཐོག་ནས་རྩ་དོན་འཐབ་རྩོད་ཁོ་ནར་ཤུགས་རྒྱག་རྒྱུ་ལས། ནང་ཁུལ་དོན་མེད་ཀྱི་རྩོད་རྙོག་རིགས་ལ་གུ་ཡངས་བཟོད་བསྲན་གྱི་ཐོག་ནས་བོད་མི་ཚང་མ་རྡོག་རྩ་གཅིག་སྒྲིལ་ཡོང་ཐབས་བྱ་རྒྱུ།

༥༽       བོད་ལ་ལོ་རྒྱུས་ཀྱི་མཛའ་འབྲེལ་ཙམ་དུ་མ་ཟད་བོད་མི་རིགས་དང་རྒྱལ་ཁབ་ལ་ལོ་རྒྱུས་ཐོག་བྱུང་མྱོང་མེད་པའི་ཛ་དྲག་དཀའ་ངལ་འཕྲད་སྐབས་བཀའ་དྲིན་འགྲན་ཟླ་བྲལ་བ་རྒྱ་གར་རྒྱལ་ཁབ་ཆེན་པོའི་གཞུང་དམངས་གཉིས་ལ་གོ་སྐབས་འདི་བརྒྱུད་ནས་ཐུགས་རྗེ་བཀའ་དྲིན་བླ་མེད་དུ་ཆེ་ཞེས་ཞུ་རྒྱུ་མ་ཟད། སླད་ཀྱང་བོད་རང་བཙན་སླར་གསོའི་ཆེད་སྔར་ལྷག་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ་ཡང་ཞུ་རྒྱུ་དང་ཆབས་གཅིག བོད་རང་བཙན་དེ་རྒྱ་གར་གྱི་བདེ་འཇགས་ཡིན་པའི་དྲན་སྐུལ་ཡང་ཞུ་རྒྱུ། གཞན་ཡང་བོད་དོན་ལ་རྒྱབ་སྐྱོར་གནང་མཁན་འཛམ་གླིང་ཤར་ནུབ་ཀྱི་གཞུང་སྒེར་ཚོགས་སྡེ་ཡོངས་ལ་བཀའ་དྲིན་ཆེ་ཞེས་ཞུ་རྒྱུ་དང། མུ་མཐུད་བོད་རང་དབང་རང་བཙན་སླར་གསོ་ཡོང་ཐབས་སུ་རྒྱབ་སྐྱོར་གནང་རྒྱུའི་འབོད་སྐུལ་ཡང་ཞུ་བཞིན་ཡོད།ཞེས་པ་བཅས་རེད་འདུག

རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་ཐེངས་ལྔ་པའི་འབོད་སྐུལ་དང་དགོངས་ཚུལ་ཁག་ནི།

༡༽ བོད་རང་བཙན་འཐབ་རྩོད་བྱེད་མཁན་གྱི་ཚོགས་སྡེ་དང་མི་སྒེར་རྣམས་ལ་སྤྱི་ཚོགས་ཀྱི་གནོན་ཤུགས་དང་དཀའ་ངལ་མང་པོ་ཞིག་ཕྲད་དང་འཕྲད་བཞིན་པ་དེ་དག་ལ་བདེན་པའི་རྒྱབ་སྐྱོར་གྱིས་བོད་རང་བཙན་འཐབ་རྩོད་ཀྱི་ནུས་པ་ཐོན་ཐབས་བྱ་རྒྱུ།

༢༽ བོད་རང་བཙན་འཐབ་རྩོད་ཀྱི་ཆེད་རྒྱལ་སྤྱིའི་འགྱུར་འགྲོས་སོགས་དང་མི་གཞན་གྱི་རྒྱབ་སྐྱོར་ག་དུས་རག་མིན་སོགས་ལ་མ་ལྟོས་པར། བོད་པ་རང་ངོས་ནས་གོ་སྐབས་བསྐྲུན་ཏེ་རྒྱུན་དུ་འབད་བརྩོན་དགོས་རྒྱུ།

༣༽   བོད་རང་བཙན་དེ་ཁ་ཡོད་ལག་ཡོད་ཀྱི་འཐབ་རྩོད་ཅིག་གི་ངོ་བོར་བསྒྱུར་བར། འཐབ་གྲོགས་རྣམས་ནང་ཁུལ་དམ་གཙང་དང་། དགྲ་གྲོགས་ཀྱི་ངོ་རྟགས་ཆོད་པའི་ཐོག་ནས་སྐྱིད་སྡུག་མཉམ་མྱོང་བྱ་རྒྱུ་དང་། བོད་རང་བཙན་གྱི་ལྟ་གྲུབ་གཅིག་པའི་ཚོགས་སྤྱི་ཁག་དང་མཉམ་དུ་ནུས་པ་མཉམ་སྤུངས་བྱ་བར་འབད་བརྩོན་བྱ་རྒྱ།

༤༽  ཕྱི་ལོ་ ༢༠༠༨ ལོར་བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་དང་པོ་སྐོང་ཚོགས་ཞུ་སྐབས་ཀྱི་གྲོས་ཆོད་ཅིག་ལ། ད་ལྟ་འཛིན་བཞིན་པའི་དབུ་མའི་ལམ་ལ་རྒྱ་གཞུང་གིས་ལོ་ཤས་ནང་བཟང་ཕྱོགས་ཀྱི་ཡ་ལན་ཡག་པོ་ཞིག་མ་སྤྲད་ཚེ། དེར་བསྐྱར་ཞིབ་ཀྱི་བསམ་བློ་གཏོང་གི་ཡིན་ཞེས་པ་དེ་ད་ཆ་ལོ་བཅུ་ཕྱིན་ཟིན་པས་གྲོས་ཆོད་དེ་ལག་བསྟར་ཡོང་བའི་གོ་སྐབས་དེ་ཅིས་ཀྱང་འཛིན་དགོས།

༥༽   འདས་པའི་འཐབ་རྩོད་ཁྲོད་དུ། ལས་འགུལ་སྤེལ་སྟངས་དེ་ཕལ་ཆེ་གཅིག་མཚུངས་ཆགས་ཡོད་ལ། དཔེར་ན་བྱང་ཆུབ་སེམས་མཆོག་བསྐྱོར་རྒྱུ་གཙོར་བྱས་པའི་ནམ་རྒྱུན་སྤེལ་བཞིན་པའི་ལས་འགུལ་གཅིག་མཚུངས་ཆགས་ཡོད་གཤིས། དེ་དག་དང་མ་འདྲ་བའི་ལས་འགུལ་གསར་པ་སྤེལ་རྒྱུའི་སྒང་ལ་ཤུགས་རྒྱག་རྒྱུ།

༦༽ མ་འོངས་པར་བོད་རང་བཙན་ཡིན་པའི་སྐོར་སློབ་གྲྭ་ཁག་གི་སློབ་དེབ་ནང་དུ་འཇུག་ཐབས་སྐོར་ལ་རང་གཞུང་ལ་འབོད་སྐུལ་ཞུ་རྒྱུ་དང་། དེ་བཞིན་ཕྱི་རྒྱལ་ཁག་ཏུ་ཡོད་པའི་རང་བཙན་འཐབ་རྩོད་པ་ཕ་མ་རྣམས་ཀྱིས་ཀྱང་གཟའ་མཇུག་སློབ་གྲྭ་ཁག་གི་ནང་དུའང་ཤེས་རྟོག་ཡོད་པ་བཟོ་དགོས་རྒྱུ།

༧༽   རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་བོད་རང་བཙན་ཡིན་པའི་དྲིལ་བསྒྲགས་བྱ་རྒྱུ།

༨༽ རང་བཙན་ཚོགས་ཆེན་ནམ་འཚོགས་ལ་རྩིས་ཁྲའི་ཐོ་གཞུང་རེ་བཟོ་ཐུབ་པ་བྱ་རྒྱུ།

༩༽ བོད་ནང་དུ་རང་ལུས་མེར་སྲེག་གཏོང་མཁན་ཚོས་གནས་བབ་གང་འདྲ་ཞིག་གི་འོག་ནས་གཏོང་གི་ཡོད་མེད་དེ་རྒྱལ་སྤྱིའི་སྒང་ལ་འགྲེལ་བརྗོད་བྱ་རྒྱུ།

༡༠༽  ཚོགས་པ་ཁག་ནས་བོད་རང་གི་རྩ་དོན་དང་འབྲེལ་བའི་ལས་འགུལ་ཇི་ལྟར་སྤེལ་རུང་། དེའི་ལྟ་གྲུབ་ཇི་ལྟར་ཡིན་མིན་ལ་མ་ལྟོས་པར་རང་བཙན་འཐབ་རྩོད་པ་རྣམས་མང་ཙམ་མཉམ་ཞུགས་གནང་ཐུབ་རྒྱུར་འབད་བརྩོན་བྱ་རྒྱུ།

༡༡༽ རང་བཙན་འཐབ་རྩོད་པ་རྣམས་ཆོལ་ཁ་དང་ཆོས་ལུག་འཐེན་འཁྱེར་གྱིས་མཚོན་པའི་བོད་མི་རིགས་ལ་གནོད་གཞིར་གྱུར་པའི་ལས་འགུལ་དང་རྙོག་གླེང་སོགས་ཀྱི་ནང་དུ་གཏན་ནས་མི་ཞུགས་པའི་དམ་བཅའ་བརྟན་པོ་གཞག་རྒྱུ།

༡༢༽ བོད་རང་བཙན་གྱི་ལངས་ཕྱོགས་འཛིན་པའི་ཚོགས་སྡེ་ཁག་ཐུན་མོང་གི་ལས་འགུལ་སྤེལ་སྐབས་ལས་འགུལ་སོ་སོའི་ཐོག་ལ་བསམ་ཚུལ་འདོན་མཁན་ཚོགས་པ་དེའི་རྒྱུན་ལས་ཚང་མ་གོ་བསྡུར་ཞིབ་ཕྲ་དགོས་པ་མ་ཟད། དེའི་རྗེས་སུ་མཉམ་འབྲེལ་བྱེད་ཡུལ་ཚོགས་པ་གཞན་དག་གི་རྒྱུན་ལས་གཉིས་རེ་མཉམ་དུ་གོ་བསྡུར་ཞིབ་ཕྲ་གནང་རྗེས་གཞི་ནས་སྤྱི་ཚོགས་ནང་ཁྱབ་བསྒྲགས་བྱེད་དགོས་པ་གལ་ཆེ།

༡༣༽ བོད་རང་བཙན་གྱི་ལངས་ཕྱོགས་འཛིན་མཁན་ཚོགས་སྡེ་ཁག་མཉམ་འབྲེལ་བྱེད་རྒྱུ་གལ་ཆེ་བ་བཞིན་བོད་རང་བཙན་གྱི་ལངས་ཕྱོགས་འཛིན་མཁན་ཕན་ཚུན་དབར་འབྲེལ་བ་བྱེད་རྒྱུའི་ཐག་བཅད་བྱས་པ། དཔེར་ན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ངོས་ནས་བོད་རྒྱལ་ཡོངས་རང་བཙན་ལྷན་ཚོགས་དང་འབྲེལ་བ་མི་བྱེད་རྒྱུ་གྲོས་ཆོད་བཞག་ཡོད་པ་དེ་ཕྱིར་འཐེན་ངེས་པར་དུ་བྱེད་རོགས་གནང་ཞེས་ཚོགས་ཆེན་འདིའི་ཐོག་ནས་འབོད་སྐུལ་སྙན་ཞུ་ཞིག་འབུལ་དགོས་རྒྱུ།

༡༤༽ བོད་ཀྱི་སྤྱི་ཚོགས་སྤྱི་དང་། ལྷག་པར་དུ་གཞོན་སྐྱེས་ཁག་ལ་བོད་རང་བཙན་གྱི་གོ་རྟོགས་སྤེལ་ཐབས་བྱ་རྒྱུ་དང་། དེ་ཡང་ལངས་ཕྱོགས་གཞན་ལ་ཁ་གཏད་དང་སྐྱོན་བརྗོད་ཀྱི་ཐོག་ནས་མ་ཡིན་པར། བོད་ཀྱི་ལོ་རྒྱུས་དང་རང་བཙན་གྱི་དགོས་མཁོ་སོགས་ཀྱི་ཐོག་ནས་ཟབ་སྦྱོང་སྤྲོད་ཐབས་བྱ་རྒྱུ།

༡༥༽ བོད་རྒྱལ་ཡོངས་རང་བཙན་ཚོགས་ཆེན་ཐེངས་༦ པའི་ཐོག་རང་བཙན་ལྟ་གྲུབ་ཡོད་མཁན་ཚོགས་སྡེ་ཁག་ཡོངས་ངེས་པར་དུ་མཉམ་ཞུགས་ཡོང་ཐབས་གནང་རྒྱུ། བཅས་རེད་འདུག །

གསར་འགོད་པ་བཀྲ་ཤིས་དོན་གྲུབ།

Share this:
༡༢༩༥ ཀློག་གྲངས།