རྒྱལ་སྤྱིའི་དབུ་མའི་ལམ་ཚོགས་ཆེན་དབུ་འཛུགས་གནང་སོང་།

དབུ་མའི་ལམ་མི་མང་ལས་འགུལ་ཁང་དང་ཨ་རིའི་མེ་ནི་སོ་ཊའི་དབུ་མའི་ལམ་གྱི་གཞོན་ནུའི་མཐུན་ཚོགས་གཉིས་ཀྱིས་གོ་སྒྲིག་བྱས་པའི། ཉིན་ལྔའི་རྒྱལ་སྤྱིའི་དབུ་མའི་ལམ་ཚོགས་ཆེན་ཐེངས་དང་པོ་དེ། དྷ་སར་མེག་གྷན་དུ་རྟེན་གཞི་བྱས་པའི་བོད་ཀྱི་ཟློས་གར་ཚོགས་ཁང་དུ། ས་གནས་ཁག་༣༠ ནས་ཚོགས་བཅར་བ་༥༠༠ ཙམ་མཉམ་ཞུགས་ཀྱིས་དབུ་འཛུགས་གནང་སོང་། དབུ་འབྱེད་མཛད་སྒོའི་སྐུ་མགྲོན་གཙོ་བོ་བདམས་ཐོན་བྱུང་བའི་སྐབས་༡༦ པའི་བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་དང་། དམིགས་བསལ་སྐུ་མགྲོན་ཧི་མ་ཅཱལ་མངའ་སྡེའི་བློན་ཆེན་ཟུར་པ་མན་ཀོ་ཀྲི་ཡ་དང་རྒྱ་རིགས་སློབ་དཔོན་ཤ་མིང་། དེ་བཞིན་སྐུ་མགྲོན་ཁོངས་སུ་སྤྱི་འཐུས་ཁག་ཅིག་དང་སྤྱི་ཟུར་ཁག་ཅིག གནས་ཆུང་སྐུ་བསྟེན། དེ་བཞིན་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་ཅིག་གི་སྐུ་ཚབ་བཅས་ཕེབས་འདུག

མཛད་སྒོའི་སྐབས་སུ་དེ་སྔོན་༧གོང་ས་མཆོག་གིས་དབུ་མའི་ལམ་དང་རང་བཙན་ཐོག་གནང་བའི་གསུང་བཤད་ཀྱི་བརྙན་ཐུང་གཉིས་དང་། ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་མེག་གྷོ་ཝན་གྱི་ཚོགས་ཆེན་ཐོག་གནང་བའི་བཀའ་སློབ་ཀྱི་བརྙན་ཐུང་བཅས་གཟིགས་འབུལ་ཞུས་རྗེས། བོད་ཀྱི་ཆོས་བརྒྱུད་ཁག་གི་བླ་ཆེན་རྣམ་པ་ཁག་ཅིག་དང་ཨ་རིའི་གྲོས་ཚོགས་འཐུས་མི་ལྕམ་ནན་སི་པི་ལོ་སེའི་གསུང་འཕྲིན། དེ་བཞིན་བོད་ཀྱི་འཐབ་རྩོད་ཐོག་དབུ་མའི་ལམ་གྱི་གལ་གནད་ཐོག་གནས་ཆུང་གི་བཀའ་ལུང་གནང་བ་ཁག་ཅིག་བཅས་སྒྲོག་སྦྱངས་གནང་སོང་།

རྒྱལ་སྤྱིའི་དབུ་མའི་ལམ་ཚོགས་ཆེན་ཐེངས་དང་པོའི་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་སྤྱི་འཐུས་ཟླ་བ་ཚེ་རིང་གིས། གོ་སྒྲིག་ཚོགས་ཆུང་གི་གཏམ་བཤད་སྒྲོག་སྦྱངས་གནང་སོང་བ་དང་། དེའི་ནང་འཁོད་དོན་“རྒྱལ་སྤྱིའི་དབུ་མའི་ལམ་གྱི་མི་མང་ཚོགས་ཆེན་འདི་འདྲ་ཞིག་སྐོང་དགོས་དོན་ནི་གཙོ་བོ་ནི་མི་མང་གི་དབུ་མའི་ལམ་གྱི་གོ་རྟོགས་དང་དེར་ཐུགས་འགན་བཞེས་ཕྱོགས་སྔར་ལས་གོང་མཐོར་བཏང་སྟེ། རྒྱ་ནག་གཞུང་ལ་༧གོང་ས་མཆོག་གི་སྐུ་ཚབ་མཉམ་{བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་}གྲོས་གཞིར་བཞག་སྟེ་འབྲེལ་མོལ་ལོ་འདིར་མུ་མཐུད་ཐུབ་ཆེད་དང་། བཀུར་འངོས་རྒྱ་རིགས་མི་མང་ལ་མཛའ་བརྩེའི་འབྲེལ་བ་འཛུགས་ཕྱོགས། རྒྱ་ནག་དང་ཐའེ་ཝན་དུ་ཡོད་པའི་རྒྱ་རིགས་དད་ལྡན་པ་དུང་ཕྱུར་མང་པོར་༧གོང་ས་མཆོག་གི་ཆོས་ཕྱོགས་དང་བཟང་སྤྱོད་ཀྱི་ལམ་སྟོན་ཐོབ་ཕྱིར། ཆ་རྐྱེན་དང་གནོན་ཤུགས་གང་ཡང་མེད་པར་༧གོང་ས་མཆོག་ཡུལ་གྲུ་དེ་དག་ལ་གདན་འདྲེན་ཞུ་ཆེད་བཅས་ལ་མི་མང་གི་ངོས་ནས་ཤུགས་སྣོན་རྒྱག་སྟངས་ཇི་ཡིན་གྲོས་བསྡུར་གསལ་སྟོན་ཐུབ་ཆེད་ཡིན་”བཅས་དང་། རྒྱ་ནག་གི་ངོས་ནས་དབུ་མའི་ལམ་སྲིད་ཇུས་ལ་ཡིད་ཆེས་ཐོག་ནས་གྲོས་མོལ་བྱེད་ནས་བོད་ལ་རང་སྐྱོང་གི་གནས་བབ་དེ། ༧གོང་ས་མཆོག་སྐུ་འཚོ་བཞུགས་སྐབས་སུ་གནང་མ་ཐུབ་ཚེ། དེའི་མཇུག་འབྲས་བློས་མི་དཔོག་པའི་ཆག་སྒོ་རྐྱང་རྐྱེས་ཡིན་པས། འགན་ཡོང་རྫོགས་རྒྱ་ནག་གཞུང་གིས་འཁུར་དགོས་པ། དེ་བཞིན་བོད་མི་རིགས་ཀྱི་ད་ལྟའི་ཛ་དྲག་གི་གནས་སྟངས་ལས་གྲོལ་བར་ལམ་སྟོན་ཡང་དག་ཐུབ་མཁན་གྱི་སྲིད་བྱུས་སམ་ཐབས་ལམ་དབུ་མའི་ལམ་ལས་གཞན་མེད་པ། ཚོགས་བཅར་བ་རྣམས་ཀྱིས་དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་གོ་རྟོགས་གཏིང་ཟབ་ཇེ་སྙིད་དང་། དེ་སྤྱད་ནས་དམིགས་ཡུལ་དོན་ཐོག་ཏུ་འཁྱོལ་རྒྱུར་ཉིན་མཚན་ཀུན་ཏུ་འབད་བརྩོན་བྱེད་པ། དབུ་མའི་ལམ་གྱི་སྲིད་ཇུས་ལ་ལོག་འགྲེལ་བྱས་པར་མགོ་སྐོར་མི་ཐེབས་པའི་གདེང་ཚོད་ཡོད་ཐུབ་མཁན་ཞིག་ཆགས་རྒྱུར་རེ་བ་བྱེད་ཀྱི་ཡོད་སྐོར་འཁོད་འདུག

རྒྱ་རིགས་སློབ་དཔོན་ཤ་མིང་གིས་རང་ཉིད་ཚོགས་ཆེན་དེར་མ་སླེབས་སྔོན། དྲ་ཐོག་ཏུ་དབུ་འི་ལམ་ལ་རྒྱབ་སྐྱོར་གྱི་བསྒྲགས་གཏམ་ཞིག་སྤེལ་བར། ཆུ་ཚོད་༤༨ ནང་ཕྱི་ནང་གི་རྒྱ་རིགས་དྲུག་ཅུ་ལྷག་གིས་རྒྱབ་སྐྱོར་གྱི་མིང་རྟགས་བཀོད་པ་བྱུང་ཡོད་སྐོར་བརྗོད་ནས། བསྒྲགས་གཏམ་དེ་སྒྲོག་སྦྱངས་བྱས་སོང་། བསྒྲགས་གཏམ་གྱི་ཐོག་མར་བོད་མི་རྣམས་བཙན་བྱོལ་དུ་གྱར་ནས་དབུ་མའི་ལམ་གྱི་བྱུང་རིམ་དང་། དབུ་མའི་ལམ་གྱི་མངོན་འདོད་སྐོར་བསྒྲགས་རྗེས། “ང་ཚོ་རྒྱ་རིགས་ཀྱི་ངོས་ནས་བཤད་ན། དབུ་མའི་ལམ་གྱི་སྲིད་ཇུས་ནི་བོད་ཀྱི་གནད་དོན་ཐག་གཅོད་ཐུབ་པ་དང་། རྒྱ་བོད་མཉམ་མཐུན་ལ་སྐུལ་འདེད་གཏོང་ཐུབ་པ། ཀྲུང་གོ་འདི་ཉིད་མང་གཙོའི་རྒྱལ་ཁབ་ཅིག་ཏུ་བསྒྱུར་ཐུབ་རྒྱུར་གལ་ཆེའི་ནུས་པ་ལྡན་པ་ཞིག་རེད། དེར་བརྟེན་ང་ཚོས་དབུ་མའི་ལམ་ལ་རྒྱབ་སྐྱོར་ཡོད་པའི་ཐོག་ནས་ཀྲུང་གོ་སྲིད་གཞུང་ནས་ཏཱ་ལའི་བླ་མ་མཆོག་གིས་བླ་མེད་ཀྱི་དགོངས་གཞུ་དང་བག་ཡངས་པའི་ཐུག་གཤིས་ཀ་གཅེས་སྤྲས་བྱས་ནས། དོན་དངོས་དང་དྲང་བདེན་གྱི་བརྡ་ལན་ཞིག་སྤྲོད་རྒྱུ་དང་། འགྱུར་ལྡོག་འགྲོ་བཞིན་པའི་ལོ་རྒྱུས་ཀྱི་གོ་སྐབས་བཟུང་ནས། ཏཱ་ལའི་བླ་མ་མཆོག་དང་ཁོང་གི་རྗེས་སུ་ཕེབས་པའི་བོད་མི་རྣམས། བོད་ལ་ཕྱིར་ལོག་ཕེབས་ཐུབ་པ་བྱུང་ནས་ཚང་མས་ཐུན་མོང་ཐོག་མིང་དོན་མཚུངས་པའི་མང་གཙོ་དང་རང་དབང་། ཞི་བདེ་ལྡན་པ་བཅས་ཀྱི་དར་ཤིང་རྒྱས་པའི་བོད་ལྗོངས་ཤིག་འཛུགས་སྐྲུན་ཐུབ་པའི་རེ་བ་བྱེད་བཞིན་ཡོད་”བཅས་འཁོད་འདུག

དེ་རྗེས་ཧི་མ་ཅཱལ་མངའ་སྡེའི་བློན་ཆེན་ཟུར་པ་མན་ཀོ་ཀྲི་ཡ་ཡིས། རྒྱ་ནག་གཞུང་གིས་དབུ་མའི་ལམ་གྱི་ཁ་ཞེ་ངོ་ལྐོག་མེད་པའི་དམིགས་ཡུལ་ལ་ཡིད་ཆེས་བྱེད་དགོས་སྐོར་དང་། རང་ཉིད་ཐོག་མར་བོད་མི་དང་འབྲེལ་བ་བྱུལ་ཚུལ་སོགས་ཀྱི་སྐོར་ལ་གཏམ་བཤད་གནང་སོང་།

མཛད་སྒོའི་མཐའ་མར་སྐུ་མགྲོན་གཙོ་བོ་བདམས་ཐོན་བྱུང་བའི་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་ཀྱིས། བོད་མི་རྣམས་ཀྱིས་དབུ་མའི་ལམ་དེ་༧གོང་ས་མཆོག་གི་དགོངས་གཞི་ཡིན་རྐྱེན་དུ་བཞག་ནས་རྒྱབ་སྐྱོར་བྱེད་པ་མིན་པར། དབུ་མའི་ལམ་གྱི་གོ་རྟོགས་ཡོད་པའི་ཐོག་ནས་རྒྱབ་སྐྱོར་བྱེད་གལ་ཆེ་སྐོར་གསུངས་རྗེས། དབུ་མའི་ལམ་གྱི་བྱུང་རིམ་དང་དེ་ནི་བོད་རྒྱ་ཆེའི་མི་མང་གི་མངོན་འདོད་ཡིན་པ་སོགས་ཀྱི་སྐོར་ལ་གསུང་བཤད་གནང་རྗེས། ༧གོང་ས་མཆོག་དང་བཀའ་བློན་ཁྲི་ཟུར་སློབ་དཔོན་ཟམ་གདོང་རིན་པོ་ཆེ་རྣམ་གཉིས་ཀྱིས་དབུ་མའི་ལམ་གྱི་སྐོར་བསྩལ་བའི་བཀའ་སློབ་ཕྱོགས་བསྒྲིགས་ཀྱི་དེབ་དང་། ཚོགས་ཆེན་འདི་དང་འབྲེལ་བའི་དཔྱད་རྩོམ་ཕྱོགས་སྒྲིག་དེབ་བཅས་དེབ་གཉིས་དབུ་འབྱེད་གནང་སོང་།

ཚོགས་ཆེན་གྱི་ཉིན་ལྔའི་རིང་བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་དང་། སྤྱི་འཐུས་ཚོགས་ཟུར་སྤེན་པ་ཚེ་རིང་སོགས་ཀྱི་གཏམ་བཤད་ལས་རིམ་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།

Share this:
༡༨༠༥ ཀློག་གྲངས།