དྲུག་བཞིའི་དོན་རྐྱེན་ཐོག་ཞི་ཅིན་ཕིང་ལ་ཡོངས་གྲགས་འཕྲིན་ཡིག་ཅིག་སྤེལ་འདུག

གནམ་སྡེ་སྒོ་མོའི་དྲུག་བཞིའི་དྲག་གནོན་དོན་རྐྱེན་སྐབས་གནོད་འཚེ་ཕོག་ཡུལ་གྱི་སློབ་མ་ཚོའི་ཕ་མ་རྣམས་ཀྱིས་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་ལ་ཡོངས་གྲགས་འཕྲིན་ཡིག་གཅིག་སྤེལ་ནས། དོན་རྐྱེན་དེར་བསྐྱར་ཞིབ་བྱེད་རྒྱུའི་ནན་སྐུལ་བྱས་འདུག

ཧོང་ཀོང་རང་དབང་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཕྱི་ལོ་༡༩༨༩ ལོའི་ཕྱི་ཟླ་༦ པའི་ཚེས་༤ ཉིན་རྒྱ་ནག་པེ་ཅིང་གནམ་སྡེ་སྒོ་མོའི་ཐང་ཆེན་དུ། འགྲོ་བ་མིའི་ཐོབ་ཐང་དང་མང་གཙོའི་ཆེད་རང་དབང་སྒེར་ལངས་བྱེད་མཁན་སློབ་མ་རྣམས་ལ་རྒྱ་གཞུང་གིས་དྲག་གནོན་གྱིས་སྡེབ་གསོད་བྱས་ནས་ལོ་ངོ་༢༩ འཁོར་གྱི་ཡོད་པའི་དུས་དྲན་དང་སྟབས་བསྟུན་ནས། དོན་རྐྱེན་དེའི་སྐབས་ཚེ་སྲོག་ཤོར་བའི་སློབ་མ་ཚོའི་ཕ་མ་རྣམས་ཀྱིས་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གི་མིང་ཐོག་ལ་ཡོངས་གྲགས་འཕྲིན་ཡིག་གཅིག་སྤེལ་ནས། དྲུག་བཞིའི་སྡེབ་གསོད་དོན་རྐྱེན་ཐོག་དྲང་བདེན་དང་། གུན་གསབ། འགན་འཁུར་དགོས་པའི་ནན་སྐུལ་བྱས་འདུག་པ་མ་ཟད། ཤུལ་ལུས་ཀྱི་ཕ་མ་ཚོའི་དཀའ་སྡུག་ལ་ངོས་ལེན་ཐོག་དྲུག་བཞིའི་སྡེབ་གསོད་དོན་རྐྱེན་ལ་བསྐྱར་ཞིབ་བྱེད་རྒྱུའི་ནན་སྐུལ་ཡང་བྱས་འདུག

དེ་ཡང་ཡོངས་གྲགས་འཕྲིན་ཡིག་ནང་“ལོ་ལྟར་ང་ཚོས་ག་དུས་ང་ཚོའི་བརྩེ་བའི་བུ་ཕྲུག་རྣམས་ལ་རྗེས་དྲན་བྱས་ན། ང་ཚོ་ཚང་མར་ཉེན་བརྡ་གཏོང་བ་དང་། ལྟ་སྲུང་བྱེད་པ། དེ་བཞིན་ང་ཚོའི་འགྲོ་བསྐྱོད་ལ་བཀག་སྡོམ་བྱེད་ཀྱི་འདུག་”ཅེས་དྲུག་བཞིའི་སྡེབ་གསོད་དོན་རྐྱེན་སྐབས་ཚེ་སྲོག་ཤོར་བའི་སློབ་མའི་ཕ་མའི་ཚོགས་པས་བརྗོད་འདུག་པ་མ་ཟད། “འཛམ་གླིང་ཧང་སང་བའི་སྡེབ་གསོད་དོན་རྐྱེན་དེ་གཏན་ནས་བྱུང་མེད་པ་བཞིན། འདས་པའི་ལོ་ངོ་༢༩ རིང་དུ་གཞུང་འཛིན་པ་རིམ་པ་བྱུང་ཡོད་པའི་ཁྲོད་ནས་ང་ཚོའི་བདེ་དོན་ཐོག་དོ་སྣང་བྱེད་མཁན་སུ་གཅིག་མ་བྱུང་ལ། བཟོད་གསོལ་གྱི་ཚིག་རྐང་གཅིག་ཀྱང་བརྗོད་མ་བྱུང་།”ཞེས་བྲིས་འདུག

དེ་བཞིན་ཡོངས་གྲགས་འཕྲིན་ཡིག་ནང་“ཕྱི་ལོ་༡༩༨༩ ལོའི་ཕྱི་ཟླ་༦ པའི་ཚེས་༤ ཉིན་གྱི་ཁྲག་གིས་ཚོས་པའི་སྡེབ་གསོད་དེ་ནི་གཞུང་གིས་མི་མང་ཐོག་བཟོས་པའི་ནག་ཉེས་ཤིག་ཡིན་སྟབས། དེར་ངོས་ལེན་གྱིས་ངེས་པར་དུ་བསྐྱར་ཞིབ་བྱེད་དགོས་”ཞེས་པ་སོགས་འཁོད་འདུག

སྤྱིར་རྒྱ་ནག་སྐམ་ས་ཆེན་མོའི་ནང་། དྲུག་བཞིའི་དོན་རྐྱེན་ཐོག་མངོན་གསལ་དོད་པོར་གྲོས་བསྡུར་དང་བགྲོ་གླེང་བྱེད་རྒྱུར་ཡོངས་སུ་བཀག་སྡོམ་བྱེད་བཞིན་ཡོད་ཁར་། དཔེ་དེབ་དང་། ཀློག་དེབ། གློག་བརྙན། དེ་བཞིན་སྤྱི་ཚོགས་དྲ་ལམ་ཁག་བཅས་སུ་ཡང་དེའི་སྐོར་དང་འབྲེལ་བའི་གནས་ཚུལ་ལབ་གླེང་བྱེད་རྒྱུར་བཀག་སྡོམ་བྱེད་བཞིན་ཡོད་པ་རེད།།

གསར་འགོད་པ་བཀྲ་ཤིས་དོན་གྲུབ།

Share this:
༡༤༢ ཀློག་གྲངས།